གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་ ཀུན་ལེགས་མཆོག་གིས་ དབུ་བཞུགས་ཐོག་ལས་ སྨོན་ལམ་ཆེན་མོ་གནང་པའི་བསྒང་།

བསམ་གྲུབ་ལྗོངས་མཁར་གྱི་ ལོ་བསྟར་སྨོན་ལམ་ཆེན་མོ་ཐེངས་༤ པ་ གྲོལ་ཡོདཔ།

༉ ཁ་ཙ་ བསམ་གྲུབ་ལྗོངས་མཁར་གྱི་ ལོ་བསྟར་སྨོན་ལམ་ཆེན་མོ་ཐེངས་༤ པ་ མི་མང་ལུ་ གུ་རུ་དྲག་དམར་གྱི་ ཁྲོམ་དབང་གནང་སྟེ་ གྲོལ་ཡོདཔ་་ད་ སྨོན་ལམ་ཆེན་མོའི་ནང་ པདྨ་དགའ་ཚལ་ལ་སོགས་པའི་ ཤར་ཕྱོགས་རྫོང་ཁག་ཚུ་ནང་གི་ དད་ཅན་མི་སེར་ཚུ་གིས་ཡང་ བཅའ་མར་གཏོགས་ཡི།
སྤྱི་ཟླ་༡ པའི་ཚེས་༡༨ ལས་ འགོ་བཙུགས་མི་ སྨོན་ལམ་ཆེན་མོ་དེ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་ ཀུན་ལེགས་མཆོག་གིས་ དབུ་བཞུགས་ཐོག་ལས་ བསམ་གྲུབ་ལྗོངས་མཁར་རབ་སྡེ་དང་ བདེ་བ་ཐང་བཤད་གྲྭ་ལ་སོགས་པའི་ དགེ་སློང་༢༠༠ ལྷགཔ་ཅིག་གིས་ གནང་ཡོདཔ་བཞིན་དུ་ བསམ་གྲུབ་ལྗོངས་མཁར་དང་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ནང་ལས་ ཨ་ནེམོ་དང་ སྒོམ་ཆེན་ཚུ་གིས་ཡང་ བཅའ་མར་གཏོགས་ཡི།
བསམ་གྲུབ་ལྗོངས་མཁར་གྱི་རྫོང་རབ་ པདྨ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ལས་ སྨོན་ལམ་ཆེན་མོའི་ མ་དངུལ་འབོར་ཆེ་ཏོག་ཏོ་ཡོད་པའི་ཁར་ འབྲུག་ཤར་ཕྱོགས་ཕི་རོ་སི་ལི་ཀཱོན་ལས་སྡེའི་ཇོ་བདག་ བསོད་ནམས་འབྲུག་པ་གིས་ དངུལ་ཀྲམ་ས་ཡ་༡ ཞལ་འདེབས་གནང་ཡོདཔ་མ་ཚད་ ལུང་ཕྱོགས་དང་ སྒེར་སྡེའི་ཡིག་ཚང་ཚུ་གིས་ཡང་ རྒྱབ་སྐྱོར་འབད་ནི་དེ་གིས་ གདོང་ལེན་ག་ནི་ཡང་ མ་འབྱུང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ སྨོན་ལམ་ཆེན་མོ་འགོ་འདྲེན་འཐབ་མི་དེ་ སྤྱིར་རྒྱལ་ཁབ་ནང་ ཞི་བདེ་འབྱུང་སྟེ་ རྒྱལ་བློན་འབངས་༣ དགའ་སྐྱིད་ཀྱི་ངང་ལུ་ གནས་ཐབས་ལུ་དང་ ལྷག་པར་དུ་ བསམ་གྲུབ་ལྗོངས་མཁར་དེ་ ས་མཚམས་ཁྲོམ་སྡེ་ཅིག་འབདཝ་ལས་ རྐྱེན་ངན་སོགས་ བཟློག་ཐབས་ལུ་ཨིནམ་མ་ཚད་ མི་ཚུ་གི་རྒྱུད་ལུ་ དད་པ་བསྐྱེད་བཅུག་སྟེ་ སངས་རྒྱས་བསྟན་པ་ མི་ཉམས་གོང་འཕེལ་གཏང་ཐབས་ལུ་ཡང་ ཨིན་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་རབ་སྡེའི་སློབ་དཔོན་ བཀྲིས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༨ ལུ་ བཙག་འཐུ་དང་ སྤྱི་ལོ་༢༠༡༩ ལུ་ རྒྱལ་འཛིན་མེ་ཏོག་འགྲེམས་སྟོན་འགོ་འདྲེན་འཐབ་མི་ལུ་བརྟེན་ ལོ་བསྟར་སྨོན་ལམ་ཆེན་མོ་དེ་ འགོ་འདྲེན་འཐབ་མ་ཚུགས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྤྱིར་བཏང་སྨོན་ལམ་ཆེན་མོའི་སྐབས་ སྨོན་ལམ་ལེ་ཤ་བསག་སྲོལ་ཡོད་རུང་ ད་ལྟོ་ བཟང་པོ་སྤྱོད་པའི་ སྨོན་ལམ་བསག་མི་དེ་ སྨོན་ལམ་གྱི་རྒྱལ་པོ་འབད་ནི་དེ་གིས་ ཕན་ཡོན་ལས་དཔྱད་རུང་ སངས་རྒྱས་ཀྱི་ཞལ་དངོས་སུ་མཇལ་ནི་ལ་སོགས་པ་ བསམ་གྱིས་མི་ཁྱབ་པ་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྨོན་ལམ་ཆེན་མོའི་ ཕན་ཡོན་རྒྱ་ཆེཝ་ཡོད་མི་དེ་ཡང་ གནས་སྐབས་མཐོ་རིས་དང་ ལྷ་མིའི་གོ་འཕང་འཐོབ་ནིའི་རྒྱུ་གཙོ་བོ་ ཚུལ་ཁྲིམས་ཀྱི་གྲོགས་ སྨོན་ལམ་དྲི་མ་མེད་པའི་ མཚམས་སྦྱར་དགོཔ་ད་ བདེ་ཆེན་ཞིང་དུ་སྐྱེ་ནིའི་རྒྱུ་ཡང་ སྨོན་ལམ་གྱི་མཚམས་སྦྱོར་དགོཔ་ དེ་ལས་ མངོན་པར་རྫོགས་པ་ སངས་རྒྱས་པའི་སྐབས་ལུ་ཡང་ ཞིང་དང་གདུལ་བྱ་མཛད་འཕྲིན་ལ་སོགས་པ་ སྔོན་གྱི་སྨོན་ལམ་ལུ་ རག་ལས་དགོཔ་སྦེ་ གསུངས་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ སྨོན་ལམ་ཆེན་མོ་འགོ་དང་པ་དེ་ འབྲུག་ས་གཏེར་དང་ འབྲུག་ཀཱོལ་ལས་སྡེ་གིས་ མ་དངུལ་རྒྱབ་སྐྱོར་འབད་བའི་ཁར་ རྒཔོ་དང་ རྫོང་ཁག་ལ་སོགས་པའི་ལས་བྱེདཔ་ཚུ་གིས་ ཟླ་རིམ་བཞིན་དུ་ ཁོང་རའི་དངུལ་ཕོགས་ལས་ དངུལ་ཀྲམ་༡༠༠རེ་ ཞལ་འདེབས་ཕུལ་ཐོག་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།བསམ་གྲུབ་ལྗོངས་མཁར།

 

About admin

Check Also

སྤ་རོ་ལུ་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ སློབ་སྟོན་འབད་ནིའི་དོན་ལས་ རིག་རྩལ་དང་ ཤེས་ཡོན་འཐོབ་ནི་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ ཆ་ཚང་ཤེས་ཡོན་གྱི་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ནུག། སྦྱོང་བརྡར་གྱི་ ལས་རིམ་དང་པའི་ནང་ …

Leave a Reply

Your email address will not be published. Required fields are marked *