བསམ་གྲུབ་ལྗོངས་མཁར་གྱི་ དུར་ཁྲོད།

བསམ་གྲུབ་ལྗོངས་མཁར་གྱི་ དུར་ཁྲོད་ལུ་ གཞི་རྟེན་མཐུན་རྐྱེན་ཚུ་ མེད་པའི་དཀའ་ངལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

༉ བསམ་གྲུབ་ལྗོངས་མཁར་གྱི་ དུར་ཁྲོད་དེ་ བྱིན་རླབས་ཅན་ཅིག་ཨིན་རུང་ དེ་ཁར་ ཕུངམ་བཞག་ས་དང་ ཆུ་ལ་སོགས་པའི་ མཐུན་རྐྱེན་ཚུ་མེད་པའི་ དཀའ་ངལ་སྦོམ་ར་ ཡོདཔ་ཨིན་པས།
སྐྱེས་ལོ་༣༣ ལང་མི་ ཀུན་ལེགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ མི་ག་ར་གིས་ མེ་སྦྱང་གི་དོན་ལུ་ དུར་ཁྲོད་དེ་ཁར་ འབག་སྐྱེལ་མི་ཚུགས་དོ་ཡོད་རུང་ རྒྱུ་སྟོབས་ཡོད་མི་ཚུ་གིས་ འབག་པའི་སྐབས་ དེ་ཁར་ ཁག་ཆེ་བའི་ གཞི་རྟེན་མཐུན་རྐྱེན་ལ་སོགས་པ་མེད་པའི་ དཀའ་ངལ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ ཁོ་རའི་སྤུན་ཆ་ཅིག་ ཤི་རྐྱེན་བྱུང་སྟེ་ དུར་ཁྲོར་དེ་ཁར་ འབག་བསྐྱལ་བའི་སྐབས་ སྡོད་ཁྲི་དང་ ཀ་ལ་རྫམ་ལ་སོགས་པའི་ཅ་ཆས་ཚུ་ ཡོདཔ་འོང་མནོ་སྟེ་ འབག་མ་སོང་ཟེར་ཨིནམ་ད་ ཨིན་རུང་ དེ་ཁར་ལྷོདཔ་ ཅ་ཆས་ཚུ་ ག་ཅི་ཡང་མེདཔ་ལས་ གཞན་ལས་བརྙ་དགོ་པའི་ གདོང་ལེན་བྱུང་ཡི་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལུ་སྡོད་མི་ ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ དུར་ཁྲོད་ཀྱི་ གཞི་རྟེན་མཐུན་རྐྱེན་ཚུ་རྐྱངམ་གཅིག་མེན་པར་ སྣུམ་འཁོར་བཞག་ས་དང་ ཕུངམ་བཞག་ས་ ཐབ་ཚང་ལ་སོགས་པ་ཚུ་ཡང་ མེད་མི་ལུ་བརྟེན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ གང་མགྱོགས་གཞི་བཙུགས་གནང་དགོཔ་འདུག་ཟེར་ ཨིན་པས།
ཁོ་གིས་འབད་བ་ཅིན་ དུར་ཁྲོད་ལུ་འགྱོ་སའི་ལམ་ཁར་ རོང་ཆུ་ཅིག་ཡོདཔ་བཞིན་དུ་ གནམ་བྱཱར་ལུ་ ཆརཔ་རྒྱུན་མ་ཆད་པར་ རྐྱབ་དོ་ཡོདཔ་ལས་ རོང་ཆུ་དེ་ སྦོམ་ཐལ་ཏེ་ བྲེས་དོ་ཡོདཔ་ལས་ བརྒལ་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོད་མི་ལུ་བརྟེན་ ཟམ་ཆུང་ཀུ་ཅིག་ཡང་ རྐྱབ་དགོཔ་འདུག་ཟེར་ཨིན་པས།
གཞན་མི་ཚུ་གིས་ སླབ་མིའི་ནང་ དུར་ཁྲོད་དེ་ གཞི་བཙུགས་འབད་དེ་ ལོ་ངོ་མང་རབས་ཅིག་ལང་རུང་ ད་ལྟོའི་བར་ན་ཡང་ གསུང་ཆོག་གནང་ས་ལུ་ ལྡེབས་རིས་ཅིག་ཡང་མེདཔ་བཞིན་དུ་ འཐུང་ཆུའི་མཐུད་སྦྲེལ་ཡང་མེད་པའི་ཁར་ ཁྱིམ་གྱི་སྒོ་ཚུ་ཡང་ བཅགས་དཀྲུམ་བཏང་ཡོདཔ་ལས་ ལྟ་རྟོག་གི་འགན་ཁུར་དེ་ ཁྲོམ་སྡེ་དང་ གྲྭ་ཚང་༢ ལས་ ག་ལུ་ཕོགཔ་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།
ཁྲོམ་སྡེའི་ གཞི་རྟེན་མཐུན་རྐྱེན་གོང་འཕེལ་གྱི་ འགོ་དཔོན་གོངམ་ པདྨ་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ ཁྲོམ་སྡེ་བདག་སྐྱོང་གིས་ གྱིབ་ཀྱི་སྡོད་ཁྲི་དང་ འཐུང་ཆུ་བཀྲམ་སྤེལ་ལ་སོགས་པའི་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་རུང་ བདག་འཛིན་འཐབ་མི་ མ་འཐོབ་མི་ལུ་བརྟེན་ ཅ་ཆས་ཚུ་ ཚར་ལེ་ཤ་ཅིག་ར་ ཨརཝ་ཤོར་ཡི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ འདས་པའི་ལོ་ནང་ དུར་ཁྲོད་ལས་ དངུལ་ཀྲམ་༥༠,༠༠༠ ལྷགཔ་ཅིག་གནས་པའི་ ཅ་ཆས་ཚུ་ ཨརཝ་ཤོར་ཡོདཔ་ལས་ བདག་འཛིན་པ་ བཙུགས་ནི་སྦེ་འཚོལ་རུང་ འཐོབ་མ་ཚུགསཔ་མ་ཚད་ ད་རུང་ འཕྲལ་ཁམས་ཅིག་ཁར་ དངུལ་ཀྲམ་༥༠,༠༠༠ ལྷགཔ་ཅིག་གནས་པའི་ ཅ་ཆས་ཚུ་ ཨརཝ་ཤོར་སོ་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ དུར་ཁྲོད་དེ་ཁར་ ཅ་ཆས་ཚུ་ ག་དེམ་ཅིག་བསྐྱལ་རུང་ ཨརཝ་ཤོར་མི་ལུ་བརྟེན་ ཁྲོམ་སྡེ་གིས་ འཕྲལ་མགྱོགས་ར་ སི་སི་ཊི་བི་པར་ཆས་ཚུ་ བཙུགས་འབད་ནི་ཨིནམ་མ་ཚད་ བདག་འཛིན་འཐབ་མི་ཡང་ ཐོབ་ཡོདཔ་ལས་ ཤུལ་མའི་ཟླཝ་ནང་ལས་ འཛུལ་ཞུགས་འབད་འོང་ཟེར་ཨིན་པས།
དེ་ལས་ འཐུང་ཆུའི་ཆུ་དུང་ལ་སོགས་པ་ཚུ་ཡང་ ཚར་ལེ་ཤ་ ཨརཝ་ཤོར་ཡོདཔ་ལས་ ད་ལྟོ་ འཐུང་ཆུ་མཐུད་སྦྲེལ་མ་འབད་རུང་ ཁྲོམ་སྡེའི་ཆུ་སྐྱེལ་སྣུམ་འཁོར་ཊེང་ཀར་གིས་ བཀྲམ་སྤེལ་འབད་དོ་ཡོདཔ་མ་ཚད་ ཕུངམ་བཞག་ས་དང་ སྣུམ་འཁོར་བཞག་ས་ འཁོར་ལམ་ཉམས་བཅོས་ མཆོད་རྟེན་དང་ བདག་འཛིན་པའི་ སྡོད་ཁྱིམ་ལ་སོགས་པ་ཚུ་ རྐྱབ་ནིའི་དོན་ལས་ མ་དངུལ་ དངུལ་ཀྲམ་ས་ཡ་༥.༢༣༠ དེ་ཅིག་ ཐོབ་ཡོདཔ་ལས་ མགྱོགས་པ་ར་ འགོ་བཙུགས་འོང་ཟེར་ པདྨ་ཆོས་སྐྱིད་ཀྱིས་ བཤདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་གྱི་ དུར་ཁྲོད་དེ་ ཧེ་མ་ སྨན་ཁང་གི་ ཉེ་འདབས་ལུ་ཡོདཔ་བཞིན་དུ་ ཕུངམ་ཚུ་ སྨན་ཁང་གི་ ས་ཁོངས་ནང་ལས་སྦེ་ འབག་བསྐྱལ་དགོཔ་ལས་ མི་ཚུ་གིས་ ཉོགས་བཤད་བཀོད་མི་ལུ་བརྟེན་ སྤྱི་ལོ་༡༩༩༠ གོ་གྲངས་ལུ་ རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་གིས་ ངོས་འཛིན་འབད་དེ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

About admin

Check Also

ཀྲོང་གསར་གྱི་ ལོ་བསྟར་སྨོན་ལམ་ཆེན་མོ་ འགོ་བཙུགས་ཡོདཔ།

༉ ཀྲོང་གསར་རྫོང་ཁག་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ ཐེངས་༥ པ་དེ་ ཁ་ཙ་ལས་ འགོ་བཙུགས་གནང་ཡི། ཉིན་གྲངས་༣ འབད་མི་ སྨོན་ལམ་ཆེན་མོ་དེ་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་ཀུན་ལེགས་མཆོག་གིས་ དབུ་བཞུགས་ཐོག་ལས་ རབ་སྡེ་གྲྭ་ཚང་གི་ དགེ་སློང་ཚུ་གིས་ …

Leave a Reply

Your email address will not be published. Required fields are marked *