བསམ་གྲུབ་ཆོས་གླིང་དྲུང་ཁག་གི་ རྩིས་འཛིན་པ་གིས་ དངུལ་ཀྲམ་ས་ཡ་༨.༤ ལྷགཔ་ཅིག་ ཚུལ་མིན་སྤྱོད་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ བསམ་གྲུབ་ཆོས་གླིང་དྲུང་ཁག་བདག་སྐྱོང་གི་ རྩིས་འཛིན་པ་བགྲེསཔ་གིས་ ཚུལ་མིན་དང་ གཡོ་སྒྱུ་ལག་ལེན་འཐབ་སྟེ་ གཞུང་གི་མ་དངུལ་ ས་ཡ་༨.༤ ལྷགཔ་ཅིག་ ལོག་སྤྱོད་དང་ ལྐོག་ཟ་འབད་ནུག་ཟེར་ཨིན་པས།
དེ་ཡང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ སྤྱི་ལོ་༢༠༡༧ ཟླ་༧ པའི་ཚེས་༡ ལས་ སྤྱི་ལོ་༢༠༡༨ ཟླ་༦ པའི་ཚེས་༣༠ ཚུན་གྱི་ དངུལ་འབྲེལ་རྩིས་ཞིབ་སྙན་ཞུ་ནང་བཀོད་ནུག།
རྩིས་ཞིབ་སྙན་ཞུ་དང་འཁྲིལཝ་ད་ རྩིས་འཛིན་ལས་རོགསཔ་དེ་གིས་ ཡིག་ཆ་རྫུས་བཟོ་དང་ གཡོ་བཅོས་འབད་དེ་དང་ དངུལ་ཕོགས་དང་ འཐུས་ཚུ་ཆོག་ཚད་ལས་བརྒལ་ཏེ་ རྩིས་དེབ་ནང་ བཀོད་པའི་ཁར་ དངུལ་གཏོང་ལེན་དང་ ངལ་གསོའི་འཐུས་ འགྲུལ་འཐུས་ཚུ་ ཚུལ་མིན་སྤྱོད་པའི་ཁར་ སྔོན་བྱིན་ཚུ་ ཚུལ་དང་མ་མཐུནམ་སྦེ་ ཐོ་བཀོད་དང་ བདེ་སྒྲིག་འབད་བའི་གུ་ སྤྱི་ལོ་༢༠༡༦-༢༠༡༧ ལུ་ ཁག་འབགཔ་ཚུ་གི་ཐོབ་བརྗོད་ ཡར་སེང་སྟེ་ དངུལ་ཀྲམ་ས་ཡ་༥ ལྷགཔ་ཅིག་དང་ རྩིས་ལོ་༢༠༡༧-༢༠༡༨ ལུ་ དངུལ་ཀྲམ་ས་ཡ་༣.༣ ཚུལ་མིན་སྤྱོད་ནུག་ཟེར་ཨིན་པས།
རྩིས་འཛིན་པ་དེ་གིས་ ཡིག་ཆ་རྫུས་བཟོ་དང་ གཡོ་བཅོས་འབད་དེ་ དྲུང་ཁག་ལས་བྱེདཔ་ཚུ་གི་ དངུལ་ཕོགས་དང་འཐུས་ དངུལ་ཀྲམ་ས་ཡ་༣.༢༥ ལྷགཔ་ཅིག་ ཚུལ་མིན་ལག་ལེན་དང་ འགྲུལ་འཐུས་ཐོབ་བརྗོད་བཀོད་མི་ཚུ་ ཁོ་རའི་གསོག་འཇོག་རྩིས་ཁྲ་ནང་ བཙུགས་ཡོདཔ་བཞིན་དུ་ སྐྱིན་འགྲུལ་དང་ སྔོན་བྱིན་ དེ་ལས་ གྲོང་གསེབ་ཉེན་བཅོལ་མ་དངུལ་ལ་སོགས་པ་ཚུ་ ཐོབ་བརྗོད་ལོག་ལྟབ་དང་ ཐེབས་བཀོད་དེ་ ལོག་སྤྱོད་འབད་ནུག་ཟེར་བཀོད་ནུག།
སྙན་ཞུ་དང་འཁྲིལཝ་ད་ རྩིས་འཛིན་ལས་རོགསཔ་གིས་ དངུལ་ཕོགས་ཀྱི་ རྩིས་ཤོག་ཚུ་བཟོ་སྟེ་ ལས་སྡེ་གཞན་གྱི་ ལས་གཡོགཔ་ཚུ་གི་ མིང་བཀོད་དེ་ ཤུལ་ལས་ ངོ་རྐྱང་ཚུ་ལུ་ དངུལ་འབོར་ཚུ་ ཁོ་གི་ རྩིས་ཁྲ་ནང་ བཙུགས་དགོཔ་སྦེ་ སླབ་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༧ ཟླ་༩ པའི་ནང་ རྩིས་འཛིན་ལས་རོགསཔ་དེ་གིས་ ཁོ་གི་ཟླ་རིམ་དངུལ་ཕོགས་ དངུལ་ཀྲམ་༥,༣༡༤ ལས་ཐོབ་ནི་མེད་རུང་ ཁོ་རའི་གསོག་འཇོག་རྩིས་ཁྲ་ནང་ དངུལ་ཀྲམ་༡༦༥,༨༢༢ བཙུགས་ནུག་ཟེར་ཨིནམ་ད་ སྤྱི་ཟླ་༡༠ པའི་ནང་ དངུལ་ཕོགས་༣༧༥,༣༡༤ དང་ སྤྱི་ཟླ་༡༡ པའི་ནང་ དངུལ་ཀྲམ་༢༡༤,༤༡༠ དེ་ལས་ སྤྱི་ལོ་༢༠༡༨ ཟླ་༡ པའི་ནང་ དངུལ་ཀྲམ་༡༦༥,༣༡༤ དངུལ་ཕོགས་སྦེ་ སྤྲོད་ནུག་ཟེར་ཨིན་པས།
རྩིས་འཛིན་ལས་རོགས་པའི་གནས་ཚང་དེ་ ཡིག་ཚང་ལས་རོགསཔ་ཨིནམ་ལས་ མོ་གིས་ཡང་ མོ་ལུ་ དངུལ་ཕོགས་དངུལ་ཀྲམ་༩,༥༣༤ ལས་བརྒལ་མེད་རུང་ ཐེབས་དངུལ་ཀྲམ་༥༤,༥༦༨ ལེན་ནུག་ཟེར་ཨིནམ་ད་ ཁོ་གིས་ པདྨ་ཐང་སློབ་གྲྭའི་ སློབ་དཔོན་ཅིག་ རྫུས་མ་བཟོ་སྟེ་ དངུལ་ཀྲམ་༡༨༥,༠༠༠ དངུལ་ཕོགས་སྦེ་ སྤྲོད་ཡོདཔ་མ་ཚད་ པདྨ་ཐང་རྒེད་འོག་གི་ རྒཔོ་བགྲེསཔ་དེ་ སློབ་དཔོན་ཨིནམ་བཟོ་སྟེ་ སྤྱི་ལོ་༢༠༡༨ ཟླ་༡ པའི་ནང་ དངུལ་ཀྲམ་༡༠༠,༠༠༠ སྤྲོད་ནུག་ཟེར་ཨིན་པས།
དེ་གིས་མ་དོ་བར་ རྩིས་འཛིན་པ་གིས་ སོ་ནམ་དང་ ཚད་ནད་ རྒེད་འོག་བདག་སྐྱོང་གི་ ལས་གཡོགཔ་ཨིནམ་སྦེ་བཟོ་སྟེ་ འགྲུལ་འཐུས་ཚུ་ ཐོབ་བརྗོད་བཀོད་ཡོདཔ་མ་ཚད་ མར་ཚ་ལ་རྒེད་འོག་ནང་ འཁོར་ལམ་བཟོ་སྐྲུན་དང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ ལས་བྱེད་པའི་ སྡོད་ཁྱིམ་ཉམས་བཅོས་ནང་ ཁག་འབག་གི་ རྩིས་བཱིལ་ཡར་་སེང་སྟེ་ དངུལ་ཀྲམ་༤༠༠,༠༠༠ ཚུལ་མིན་སྤྱོད་པའི་ཁར་ མར་ཚ་ལ་སློབ་གྲྭ་ལྟེ་བའི་ མ་དངུལ་ལས་ དངུལ་ཀྲམ་༣༠༠,༠༠༠ ལྐོག་ཟ་འབད་ནུག་ཟེར་ སྙན་ཞུའི་ནང་བཀོད་ནུག།
ཁོ་གིས་ དྲུང་ཁག་གི་ གསར་སྒྲུབ་འཆར་དངུལ་ལས་ དངུལ་ཀྲམ་༤༣༨,༠༠༠ ལྐོག་ཟ་འབད་ནུག་ཟེར་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ བཀོད་མིའི་ནང་ མ་དངུལ་ལོག་སྤྱོད་དང་ ཚུལ་མིན་ལག་ལེན་ཚུ་ཡང་ དྲུང་ཁག་དང་ རྫོང་ཁག་གི་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ལྟ་བཀོད་དང་ ལྟ་རྟོག་ཚུལ་ལྡན་མ་འབད་མི་ལུ་བརྟེན་ བྱུང་ནུག་ཟེར་ཨིན་པས།
རྩིས་ཞིབ་དབང་འཛིན་གྱིས་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་ལུ་ འཐུས་ཤོར་བྱུང་མི་ འབྲེལ་ཡོད་བཀོད་ཁྱབ་འགོ་དཔོན་ཚུ་ལུ་ ཁྲིམས་དང་འཁྲིལ་ འོས་ལྡན་གྱི་ དང་ལེན་འབད་དགོ་པའི་ གྲོས་འདེབས་བཀོད་ཡོདཔ་ད་ ལྟ་རྟོག་འགོ་དཔོན་ཚུ་ལུ་ བཀོད་ཁྱབ་ཀྱི་ འགན་འཁྲི་བཀལ་དགོཔ་སྦེ་ཨིན་པས།
འགན་འཁྲི་དེ་ཡང་ དྲུང་པ་དང་ རྫོང་རབ་ རྩིས་འཛིན་འགོ་དཔོན་ མི་སྟོབས་འགོ་དཔོན་ཚུ་ལུ་ ཕོག་ནི་ཨིནམ་ད་ གཞན་འབྲེལ་གཏོགས་པ་ དཔེར་ན་ རྩིས་འཛིན་ལས་རོགསཔ་དང་ སློབ་དཔོན་ རྒེད་འོག་བདག་སྐྱོང་འགོ་དཔོན་ དེ་ལས་ རྒཔོ་བགྲེསཔ་ཚུ་ལུ་ཡང་ ལྐོག་ཟ་འབད་མི་ རྩིས་འཛིན་ལས་རོགསཔ་ལུ་ ཐད་ཀར་དུ་ ཕན་གྲོགས་འབད་བའི་ འགན་འཁྲི་བཀལ་ནུག།
ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ རྩིས་འཛིན་ལས་རོགསཔ་དེ་ སྤྱི་ལོ་༢༠༡༨ ལུ་ བསམ་གྲུབ་ལྗོངས་མཁར་ལས་ བཀྲིས་གཡང་རྩེ་ལུ་ གནས་སོར་བཏང་ཡོད་རུང་ མ་དངུལ་ལྐོག་ཟའི་ དོགས་པ་ལུ་བརྟེན་ ད་ལྟོ་ ལཱ་གཡོག་ནང་ལས་ དགོངས་ཕོག་བཏོན་བཞག་ནུག་ཟེར་ཨིན་པས།
རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་སྙན་ཞུའི་འདྲ་ཚུ་ དངུལ་རྩིས་དྲུང་ཆེན་དང་ བསམ་གྲུབ་ལྗོགས་མཁར་གྱི་རྫོང་བདག་ དེ་ལས་ བསམ་གྲུབ་ཆོས་གླིང་གི་ དྲུང་པ་ལུ་ བཏང་ཡོད་པའི་གནས་ཚུལ།

བཀྲིས་སྒྲོལ་མ་/རིག་འཛིན་དབང་ཕྱུག།

 

About admin

Check Also

འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *