ཕྱ་རི་གནགཔོ་གི་ གོ་ལ་གྱོན་མི་ ལ་ཡ་ཟམོ་ཚུ།

བལ་མ་ཐོབ་པའི་དཀའ་ངལ་ལུ་བརྟེན་ རང་ལུགས་ཀྱི་ གྱོན་ཆས་འཐག་སྲོལ་ ཉམས་ཉེན་ཡོད་པའི་ཚ་གྱང་།

༉ ལུག་གསོ་སྐྱོང་འཐབ་མི་མེད་པའི་ཁར་ བོད་ལས་ བལ་གྱི་ཐོན་སྐྱེད་དཀོན་མི་ལུ་བརྟེན་ ལ་ཡ་གི་ ཨམ་སྲུ་ཚུ་ རང་ལུགས་ཀྱི་ གྱོན་ཆས་ཚུ་ འཐག་སྲོལ་ཡོད་མི་དེ་ ཉམས་འགྱོ་དོ་ཡོདཔ་ཨིན་པས།
དེ་འབད་ནི་འདི་གིས་ ད་ལྟོ་ ཨམ་སྲུ་མང་ཤོས་ཅིག་གི་ རྒྱུ་བལ་གིས་འཐགས་མི་ གྱོན་ཆས་མེན་པར་ བོད་ལས་ནང་འདྲེན་འབད་མི་ བཀབ་གོ་ལ་ཚུ་ གྱོན་དོ་ཡོདཔ་ཨིན་པས།
ལ་ཡ་ལུང་མགོ་ལས་ སྐྱེས་ལོ་༦༠ ལང་མི་ རིན་ཆེན་གྱིས་ བཤད་མི་དང་འཁྲིལཝ་ད་ ལ་ཡ་ལུ་ ལུག་གསོ་མ་ཚུགས་ནི་དེ་གིས་ ལུག་གི་བལ་དེ་ ཁོ་ར་ ཆུང་ཀུ་ཅིག་སྦེ་ སྡོད་པའི་བསྒང་ལས་ར་ བོད་ལས་ནང་འདྲེན་འབད་དེ་ འཐག་སྲོལ་འདུག་ཟེར་ཨིན་པས།
ཨིན་རུང་ ལོ་དག་པ་ཅིག་གི་ཧེ་མར་ བོད་ལུ་ཡང་ བལ་གྱི་ཐོན་སྐྱེད་དཀོན་མི་ལུ་བརྟེན་ བལ་ཐོབ་མ་ཚུགས་པའི་ དཀའ་ངལ་ཡོདཔ་ལས་ ཨམ་སྲུ་མང་ཤོས་ཅིག་གིས་ ནང་འདྲེན་འབད་མི་ གྱོན་ཆས་ཚུ་ར་ གྱོན་དོ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ལ་ཡཔ་ཚུ་ མ་འོངས་པ་ལུ་ ལུག་གི་བལ་མི་འཐོབ་ནིའི་ དཀའ་ངལ་འབྱུང་ནི་མས་ཟེར་ མི་དབང་འབྲུག་རྒྱལ་༣ པ་མཆོག་གིས་མཁྱེན་ཏེ་ ལུག་གི་སོན་ བགོ་བཀྲམ་འབད་ཡོདཔ་ཨིན་རུང་ ས་གནས་ཀྱི་ རྩྭ་ཆག་ལུ་བརྟེན་ཨིན་ན་ ཡང་ཅིན་ གནས་བདག་ལུ་བརྟེན་ཏེ་ཨིན་ན་ ལུག་གསོ་མི་ཚུགས་པས་ཟེར་ཨིན་པས།
སྐྱེས་ལོ་༥༣ ལང་མི་ ཨཔ་པདྨ་གིས་འབད་བ་ཅིན་ ལ་ཡ་ལུ་ བལ་མ་ཐོབ་ནི་དེ་གིས་ ལ་ཡ་གི་ མི་སེར་སྡེ་ཚན་གཅིག་ བུང་ཐང་ལུ་སོང་ཞིནམ་ལས་ དེ་བསྒང་ ལུག་དག་པ་ཅིག་ ཁྱིད་བདའ་འོང་ཡི་ཟེར་ཨིན་པས།
རིན་ཆེན་གྱིས་ བཤད་མིའི་ནང་ ད་ལྟོ་ ལ་ཡ་གི་ལམ་སྲོལ་དེ་ ཨམ་སྲུ་ཚུ་གིས་གྱོན་མི་ གོ་ལ་དེ་ལུ་བརྟེན་ཏེ་ཨིནམ་ད་ ཧེ་མ་ ཁོ་ ར་སྐྱེས་ལོ་༧ དང་༨ དེ་ཅིག་སྦེ་ སྡོད་པའི་སྐབས་ ཁོ་གི་ཨ་པ་དང་ གཡུས་ཁའི་ཕོ་སྐྱེས་ཚུ་གིས་ བལ་གྱིས་འཐགས་མི་ གོ་ལ་གནགཔོ་དང་ དཀརཔོ་ཚུ་ གྱོན་སྲོལ་འདུག་ཟེར་ཨིན་པས།
དེ་བསྒང་ ཕོ་སྐྱེས་ཚུ་གིས་ གོ་མ་འདྲཝ་གྱོན་སྲོལ་ཡོད་མི་དེ་ ཉམས་འགྱོ་མི་དེ་ཡང་ གཙོ་བོ་ར་ བལ་མ་ཐོབ་ནི་དེ་གིས་ ཨིན་མས་ཟེར་ཨིན་པས།
ཁྲོམ་ཁ་ལས་ཐོབ་མི་གོ་དང་ རྒྱུ་བལ་གྱིས་འཐགས་མི་ གོ་གཉིས་ཀྱི་བར་ན་ ཁྱད་པར་སྦོམ་ཡོད་མི་དེ་ཡང་ བལ་ལས་འཐགས་མི་གོ་ཚུ་ གནམ་གཤིས་བསིལ་དྲགས་ནང་ གཟུགས་ཚ་ཏོག་ཏོ་སྦེ་ བཞག་ཚུགས་ཟེར་ཨིན་པས།
སྐྱེས་ལོ་༣༢ ལང་མི་ པདྨ་ལྷ་སྒྲོན་གྱིས་ སླབ་མིའི་ནང་ རང་ལུགས་ཀྱི་གྱོན་ཆས་ལུ་ བཙོན་ཤུགས་བསྐྱེད་ནིའི་ མནོ་བསམ་ཡོད་རུང་ བལ་ཐོབ་མ་ཚུགས་ནི་དེ་གིས་ བྱ་ཐབས་མེད་པར་ བོད་ལས་ ནང་འདྲེན་འཐབ་མི་ གོ་ལ་ཚུ་ གྱོན་དགོ་པས་ཟེར་ཨིན་པས།
བོད་ལས་ ནང་འདྲེན་འབད་མི་ གྱོན་ཆས་ཚུ་ ཡང་ཁོད་ཁོད་ཡོདཔ་ལས་ གནམ་བྱཱར་གྱི་སྐབས་ལུ་ བདེ་ཏོག་ཏོ་ཡོད་རུང་ གནམ་དགུན་ལུ་ གྱངམ་མས་ཟེར་ཨིན་པས།
དེ་མ་ཚད་ ན་གཞོན་ཚུ་ག་ར་ སློབ་གྲྭ་ནང་བཙུགས་ནི་དེ་གིས་ ཐིམ་ཕུག་དང་ ས་གནས་གཞན་ཁར་ ལཱ་འབད་སྡོད་ནི་དེ་གིས་ གཡུས་ཁར་འོང་པའི་སྐབས་ སྤྱིར་བཏང་གི་གོ་དང་ དཀྱི་ར་མ་གཏོགས་ གཡུས་ཁར་སྡོད་མི་ཚུ་གིས་ གྱོན་སྲོལ་ཡོད་མི་ ཕྱ་རི་གནགཔོ་ བགྱོན་ནི་ལུ་ དང་འདོད་མི་བསྐྱེད་དོ་ཡོདཔལས་ ནམ་ཅིག་གི་ཚེ་ ཉམས་འགྱོ་ནིའི་ཉེན་ཁ་འདུག་ཟེར་ རིན་ཆེན་གྱིས་ བཤདཔ་ཨིན་པས།
རང་ལུགས་ཀྱི་ ལམ་སྲོལ་དེ་ མི་ཉམས་གོང་འཕེལ་གཏང་དགོ་པ་ཅིན་ གཞུང་གི་ཁ་ཐུག་ལས་ བལ་གྱི་ཐོན་ཁུངས་ ག་དེ་མང་མང་བཟོ་ནི་ལུ་ རྒྱབ་སྐྱོར་གནང་དགོཔ་ ཁག་ཆེ་བས་ཟེར་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མོང་སྒར་དགྲ་མེད་རྩེ་གི་ ལོ་བསྟར་ཚེས་བཅུའི་ རྒྱབ་ཁུངས་མདོར་བསྡུས།

༉ ཤར་ཕྱོགས་དགྲ་མེད་རྩེ་ ཐེག་མཆོག་རྣམ་གྲོལ་ཨྱོན་ཆོས་གླིང་གྲྭ་ཚང་གི་ ལྷ་ཁང་ནང་སྦེ་ གནང་སྲོལ་ཡོད་པའི་ ལོ་བསྟར་གྱི་ཚེས་བཅུ་དེ་ གཞན་དང་མ་འདྲ་བའི་ རྩ་ཅན་ཅིག་ཨིནམ་ད་ དེ་ཡང་ གཏེར་སྟོན་པདྨ་གླིང་པའི་སྲས་ ཀུན་དགའ་རྒྱལ་མཚན་དང་ སྲསམོ་ ཨ་ནེ་མཆོད་རྟེན་བཟང་མོ་ལུ་བརྟེན་ བྱུང་ནི་དེ་གིས་ཨིན་པས། རང་ཟླ་༡༠ …

Leave a Reply

Your email address will not be published. Required fields are marked *