བརྡ་བརྒྱུད་ཚོགས་སྡེ་ལུ་ འགན་ཁུར་ལྕི་དྲགས།

༉ སྤྱི་ཚོགས་ཀྱིས་ འབྲུག་གི་བརྡ་དོན་དང་ བརྒྱུད་འབྲེལ་བཅའ་ཁྲིམས་༢༠༡༨ ཅན་མ་ ཆ་འཇོག་གྲུབ་སྟེ་ ལོ་ཕྱེད་དང་༢ ལྷགཔ་ཅིག་གི་ཤུལ་ལས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ངོས་ལེན་ཐོག་ མི་སྟོབས་༢ བྱིན་མི་དང་བསྟུན་ བདུན་ཕྲག་འདི་ནང་ འབྲུག་གི་བརྡ་བརྒྱུད་ཚོགས་སྡེ་ཡིག་ཚང་ གཞུང་འབྲེལ་ཐོག་ལས་ བྱ་སྒོ་འཐབ་ནི་ འགོ་བཙུགས་ནུག།
དེ་ཡང་ དང་པ་ར་ འདས་པའི་བདུན་ཕྲག་ནང་ འབྲུག་བརྡ་དོན་དང་ བརྡ་བརྒྱུད་དབང་འཛིན་དང་ བརྡ་དོན་དང་ བརྡ་བརྒྱུད་ལས་ཁུངས་ཀྱིས་ བརྡ་བརྒྱུད་དང་འབྲེལ་བའི་ འགན་ཁུར་ཚུ་ རང་དབང་ཅན་གྱི་ ལས་སྡེ་ཅིག་ཨིན་མི་ བརྡ་བརྒྱུད་ཚོགས་སྡེ་ལུ་ རྩིས་སྤྲོད་ཡོདཔ་བཞིན་དུ་ དེ་བསྒང་ མི་ལེ་ཤ་སྤུངས་འཛོམས་མ་འབད་རུང་ བརྡ་བརྒྱུད་གོང་འཕེལ་གྱི་དོན་ལུ་ མདུན་ལམ་གལ་གནད་ཅན་ཅིག་ཨིན་མས།
ད་རེས་ནངས་པར་ བརྡ་བརྒྱུདཔ་གྱངས་ཁ་ཆོདཔ་ཅིག་ལས་བརྒལ་ མེད་མི་ཚུ་གིས་ རྒྱལ་ཁབ་དང་ མི་སེར་ལུ་ ཁྱད་རིག་ཅན་གྱི་སྒོ་ལས་ བརྡ་སྤེལ་འབད་ནི་ལུ་ བརྩོན་ཤུགས་གང་དྲག་བསྐྱེདཔ་དང་འབྲེལ་ བརྡ་བརྒྱུདཔ་རེ་གཉིས་ཀྱིས་ བརྡ་བརྒྱུད་ཀྱི་ ཀུན་སྤྱོད་རྣམ་གཞག་དང་མ་འཁྲིལ་བར་ གནས་ཚུལ་བྲིས་སྤེལ་འབད་བའི་ ཉོགས་བཤད་བཀོད་པའི་ ནམ་དུས་ལུ་ བརྡ་བརྒྱུད་ཚོགས་སྡེ་ གཞི་བཙུགས་འབད་མི་དེ་ དུས་ཐོག་ལུ་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ བརྡ་བརྒྱུད་ཀྱི་ ཀུན་སྤྱོད་རྣམ་གཞག་ལས་འགལ་བའི་ གནས་ཚུལ་བྲིས་སྤེལ་དང་ སྲིད་ཀྱི་དབང་ལུ་ཐལ་ཏེ་ ཕྱོགས་བཟུང་འབད་བའི་ གནད་དོན་ཚུ་ ཐོན་པ་ཅིན་ བརྡ་བརྒྱུད་ཚོགས་སྡེ་གིས་ བར་ཞུགས་ཐོག་ འབྲེལ་ཡོད་བརྡ་བརྒྱུདཔ་དང་ བརྡ་བརྒྱུད་ལས་ཁང་ལུ་ འགན་འཁྲི་བཀལ་ནི་དང་ བཅའ་ཁྲིམས་དང་འཁྲིལ་ དང་ལེན་འབད་ཚུགས་ནི་ཨིན་མས།
གལ་སྲིད་ ད་ལྟོ་བཟུམ་སྦེ་ མི་རེ་གཉིས་ཀྱིས་ ཕྱོགས་བཟུང་དང་ རྣམ་དག་མེན་པའི་སྒོ་ལས་ འཕྲོ་མཐུད་དེ་ར་ བརྡ་སྤེལ་འབད་བ་ཅིན་ ཆུ་འགྱོ་བའི་ཞོར་ཁ་རང་ཐག་འདྲུད། །བྱཱོམ་རྒྱ་རེད་བརྡུང་པའི་ཞོར་འབུབ་བསད། །ཟེར་ དཔྱེ་གཏམ་སླབ་སྲོལ་ཡོདཔ་བཟུམ་ བརྡ་བརྒྱུདཔ་རེ་གཉིས་ཀྱི་ཞོར་ལས་ འབྲུག་རྒྱལ་ཁབ་ཀྱི་ བརྡ་བརྒྱུད་རིང་ལུགས་ཀྱི་ མིང་གཏམ་མེདཔ་གཏང་ནི་དང་ མི་མང་ལས་ བློ་གཏད་ཡིད་ཆེས་མེདཔ་ འགྱོ་ནི་གི་ ཉེན་ཁ་སྦོམ་ཡོད།
མ་གཞི་ གསར་ཤོག་དང་ རྒྱང་མཐོང་གནས་ཚུལ་གྱི་ གནད་དོན་ཚུ་ དབྱེ་དཔྱད་དང་ ལྟ་རྟོག་འབད་མི་ འབྲུག་བརྡ་དོན་དང་ བརྡ་བརྒྱུད་དབང་འཛིན་དེ་ ཧེ་མ་ལས་ར་ གཞི་བཙུགས་འབད་དེ་ཡོད་རུང་ ད་ཚུན་གྱི་བར་ན་ བརྡ་བརྒྱུད་དང་འབྲེལ་བའི་ གནད་དོན་དང་ གདོང་ལེན་ག་ཅི་ར་ཐོན་རུང་ སྣང་ཆུང་སྦེ་བཞག་སྟེ་ ལྟ་རྟོག་འབད་མི་ དབང་འཛིན་ཅིག་ཡོད་པའི་ ཚོར་སྣང་མ་བྱུང་མི་དེ་ཡང་ དབང་འཛིན་གྱིས་ འགན་འཁྲི་ཚུལ་ལྡན་མ་འབག་ནི་དེ་གིས་ཨིནམ་འོང་ནི་མས།
བརྡ་བརྒྱུད་ཚོགས་སྡེ་ གཞི་བཙུགས་འབད་དགོ་མི་དེ་ར་ བརྡ་བརྒྱུད་ཀྱི་ དལ་དབང་དང་ རང་དབང་གོང་འཕེལ་དང་ ཉེན་སྐྱོབ་འབད་ཐབས་ལུ་ཨིནམ་མ་ཚད་ བརྡ་བརྒྱུད་དང་འབྲེལ་བའི་ ནང་དོན་ཚུ་ གནས་ཚད་ཅན་བཟོ་ནི་དང་ ཁྲིམས་འགལ་ ཡང་ཅིན་ གནོད་འཚེ་ཅན་གྱི་ གནད་དོན་བྲིས་སྤེལ་འབད་ནི་ ག་དེ་ཉུང་ཉུང་བཟོ་ནི་ དེ་ལས་ ཉོགས་བཤད་བཀོད་མི་ཚུ་གི་ སྙན་གསན་ཐོག་ འདུམ་འགྲིགས་འབད་མི་ཨིནམ་ལས་ བཀོད་ཚོགས་མདོ་ཆེན་༥ ཡོད་མི་ ཚོགས་སྡེ་ལུ་ འགན་འཁྲི་ལྕི་དྲགས་ཡོདཔ་ཨིན།
འདི་དང་གཅིག་ཁར་ བརྡ་བརྒྱུད་ལས་ཁང་གང་རུང་གིས་ མི་དྲག་གཞན་མེད་པར་ ག་ར་ཅོག་འཐདཔ་སྦེ་ བརྩི་མཐོང་བསྐྱེད་དེ་ ཆགས་སྡང་ཕྱོགས་རིས་མེད་པར་ རྣམ་དག་གི་སྒོ་ལས་ གནས་ཚུལ་བརྡ་སྤེལ་འབད་ནི་དང་ སྤྱིར་བཏང་མི་མང་ལུ་ བརྡ་བརྒྱུད་དང་འབྲེལ་བའི་ ཞབས་ཏོག་ཚུ་གིས་ རྒྱུད་བསྐུལ་འབད་ནི་མེདཔ་ བཟོ་ནི་གི་ འགན་ཁུར་དེ་ཡང་ ཚོགས་སྡེ་ལུ་ ཕོགཔ་ཨིན་མས།
བརྡ་བརྒྱུད་དང་ མི་སྡེ་བརྡ་བརྒྱུད་ཀྱི་ དབང་ཤུགས་ལུ་བརྟེན་ མི་སྡེའི་ནང་ ཕན་པ་དང་ གནོད་པ་གཉིས་ར་ཡོདཔ་ལས་ བརྡ་བརྒྱུད་ཚོགས་སྡེ་གིས་ སྔ་གོང་ལས་ར་ འཇིགས་སྣང་དང་ མཐུན་འགྱུར་མེད་པར་ འགན་འཁྲི་འབག་པ་ཅིན་ བརྡ་བརྒྱུད་ལས་ཁང་དང་ བརྡ་བརྒྱུདཔ་ཚུ་གིས་ཡང་ རང་སོའི་འགན་ཁུར་ཚུ་ ཚུལ་བཞིན་དུ་ འབག་ནི་དང་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་མི་ཚུ་གིས་ཡང་ གཞན་ལུ་ གནོད་སེམས་ཅན་གྱི་ཐོག་ལས་ སྐྱོན་བརྗོད་དང་ སྐུར་འདེབས་འབད་ནི་ཚུ་ མར་ཕབ་འགྱོ་ནི་གི་ འོས་འབབ་སྦོམ་ཡོད།

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *