བརྡ་དོན་འཕྲུལ་རིག་ལྟེ་བའི་ས་ཁོངས།

བརྡ་དོན་འཕྲུལ་རིག་ ཤེས་ཡོན་གྱི་ ཐུན་ཚན་༢ སྤྱི་ལོ་༢༠༢༡ ལས་ ལག་ལེན་འཐབ་ནི།

༉ འདས་པའི་ཟླཝ་ནང་ རྒྱལ་འཛིན་ཤེས་རིག་ཚོགས་སྡེ་གིས་ སྤྱི་ལོ་༢༠༢༠ གི་ སློབ་དུས་ལས་ སློབ་རིམ་༤ པ་ལས་༡༠ པ་ཚུན་ བདུན་ཕྲག་ཅིག་ནང་ བརྡ་དོན་འཕྲུལ་རིག་ ཤེས་ཡོན་གྱི་ ཐུན་ཚན་༢ སློབ་སྟོན་འབད་དགོ་པའི་ ཁྱབ་བསྒྲགས་འབད་མི་དེ་ལུ་ ཤེས་རིག་ལྷན་ཁག་གིས་ ཕྱིར་འགྱངས་འབད་དགོཔ་སྦེ་སླབ་ནུག།
རྒྱལ་འཛིན་ཤེས་རིག་ཚོགས་སྡེ་གིས་ སྤྱི་ཟླ་༡༡ པའི་ཚེས་༡༥ ལུ་ རྫོང་ཁག་༢༠ དང་ ཁྲོམ་སྡེའི་ཤེས་རིག་གཙོ་འཛིན་ཚུ་ལུ་ ཁྱབ་བསྒྲགས་བཏང་ཡོདཔ་ད་ ད་རེས་ སློབ་གྲྭ་ཚུ་ནང་ བདུན་ཕྲག་ཅིག་ནང་ བརྡ་དོན་འཕྲུལ་རིག་གི་ ཤེས་ཡོན་ཐུན་ཚན་༡ ལས་བརྒལ་ མེདཔ་ཨིན་པས།
ཨིན་རུང་ རྒྱལ་འཛིན་ཤེས་རིག་ཚོགས་སྡེའི་ ཁྱབ་བསྒྲགས་ལུ་ རྒྱབ་འགལ་སྦེ་ ཤེས་རིག་ལྷན་ཁག་གིས་ སྤྱི་ཟླ་༡༡ པའི་ཚེས་༢༥ ལུ་ བདུན་ཕྲག་ཅིག་ནང་ བརྡ་དོན་འཕྲུལ་རིག་ ཤེས་ཡོན་གྱི་ ཐུན་ཚན་༢ སློབ་སྟོན་དེ་ སང་ཕོད་ལས་ ལག་ལེན་འཐབ་ནི་མེན་པར་ སྤྱི་ལོ་༢༠༢༡ གི་ སློབ་དུས་ལས་རྐྱངམ་གཅིག་ ལག་ལེན་འཐབ་ནི་སྦེ་ རྫོང་ཁག་དང་ ཁྲོམ་སྡེའི་ ཤེས་རིག་གཙོ་འཛིན་ཚུ་ལུ་ ཁྱབ་བསྒྲགས་བཏང་ནུག།
སློབ་གྲྭ་ཤེས་ཡོན་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཀརྨ་ཚེ་རིང་གིས་ མིང་རྟགས་བཀོད་ཐོག་ལས་ ཁྱབ་བསྒྲགས་ཀྱི་ ཡི་གུ་བཏང་མི་དང་འཁྲིལཝ་ད་ སློབ་གྲྭ་ཁག་ནང་ བརྡ་དོན་འཕྲུལ་རིག་གི་ ཁང་མིག་མཐུན་རྐྱེན་དང་ སློབ་སྟོན་པ་ལངམ་སྦེ་ མེད་མི་ལུ་བརྟེན་ སྤྱི་ལོ་༢༠༢༡ ལས་ ལག་ལེན་འཐབ་ནི་སྦེ་ ཐག་བཅད་ཅི་ཟེར་ཨིན་པས།
རྒྱལ་འཛིན་ཤེས་རིག་ཚོགས་སྡེའི་ བརྡ་དོན་འཕྲུལ་རིག་ཤེས་ཡོན་ ཆོས་ཚན་གྱི་ ཚོགས་ཆུང་ཞལ་འཛོམས་ ཐེངས་༦ པའི་ནང་ སློབ་གྲྭ་ཁག་ནང་ བརྡ་དོན་འཕྲུལ་རིག་གི་ ཤེས་ཡོན་སློབ་སྟོན་འབད་ནིའི་ དུས་ཚོད་ལངམ་སྦེ་ཡོད་པའི་ སྙན་ཞུ་ལྷོད་མི་ལུ་བརྟེན་ མདུན་ཕྲག་ཅིག་ནང་ ཐུན་ཚན་༢ བཟོ་ནི་སྦེ་ ཐག་བཅད་ནུག།
དེ་འབདཝ་ད་ ཚོགས་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལྷན་ཁག་གིས་བཏང་མི་ ཁྱབ་བསྒྲགས་དེ་ར་ ངོས་ལེན་འབད་དགོཔ་འོང་ཟེར་ཨིནམ་ད་ ཆོས་ཚན་གྱི་ ཞལ་འཛོམས་ནང་ ད་རེས་ བརྡ་དོན་འཕྲུལ་རིག་གི་ སློབ་སྟོན་པའི་ གནས་སྟངས་ལུ་ བལྟ་བ་ཅིན་ ལངམ་སྦེ་ཡོདཔ་ལས་ བདུན་ཕྲག་རེ་ནང་ བརྡ་དོན་འཕྲུལ་རིག་གི་ ཤེས་ཡོན་ཐུན་ཚན་༢ སློབ་སྟོན་འབད་ནི་སྦེ་ ཆ་འཇོག་འབད་ཡི་ཟེར་ཨིན་པས།
གལ་སྲིད་ ལྷན་ཁག་གིས་ སློབ་སྟོན་འབད་ནི་ལུ་ སློབ་དཔོན་མེད་པ་ཅིན་ ལྷན་ཁག་གི་ ཁྱབ་བསྒྲགས་དེ་ལུ་ར་ གནས་དགོཔ་འོང་ཟེར་ཨིནམ་ད་ སློབ་གྲྭ་ཚུ་ནང་ འཕྲུལ་རིག་ཤེས་ཡོན་གྱི་ སློབ་སྟོན་འབད་ནི་ལུ་ དམིགས་བསལ་གྱི་ ལས་རིམ་ཡོདཔ་ལས་ ད་རུང་ གྲོས་བསྟུན་འབད་དགོཔ་ འོང་ཟེར་ཨིན་པས།
འདས་པའི་དྲི་བ་དྲིས་ལན་སྐབས་ ཚོགས་སྡེའི་མདོ་ཆེན་ ཀུན་དགའ་གྲགས་པ་གིས་ སླབ་མིའི་ནང་ བརྡ་དོན་འཕྲུལ་རིག་གི་ སློབ་སྟོན་འབད་ནིའི་ དུས་ཐེབས་དེ་ སློབ་གྲྭ་ག་རའི་ནང་ འཕྲུལ་རིག་དང་ ལག་རྩལ་ཤེས་ཡོན་སྡེ་ཕྲན་ནང་ བདེ་སྒྲིག་འབད་འོང་ཟེར་ཨིན་པས།
ཨིན་རུང་ འཕྲུལ་རིག་དང་ ལག་རྩལ་ཤེས་ཡོན་སྡེ་ཕྲན་དེ་ སང་ཕོད་ལས་ འགོ་བཙུགས་དགོཔ་ཨིན་རུང་ འཆར་དངུལ་གྱི་ དཀའ་ངལ་ལུ་བརྟེན་ ལག་ལེན་འཐབ་མི་ཚུགས་ནི་ཨིནམ་ད་ གལ་སྲིད་ ལག་ལེན་འཐབ་པ་ཅིན་ སློབ་རིམ་༤ པ་ལས་ འགོ་བཙུགས་ནི་གི་ ལས་འཆར་ཨིན་པས།
མདོ་ཆེན་གྱིས་ སླབ་མིའི་ནང་ ལྷན་ཁག་གི་ ཁྱབ་བསྒྲགས་དེ་ ལག་ལེན་འཐབ་ནི་ཨིན་རུང་ དམིགས་བསལ་བརྡ་དོན་འཕྲུལ་རིག་ ལས་རིམ་ནང་ བདུན་ཕྲག་ཅིག་ནང་ ཐུན་ཚན་༢ བཟོ་དགོཔ་སྦེ་ གྲོས་འདེབས་བཀོད་དེ་ཡོདཔ་ལས་ དེ་ལུ་ སྒུག་དགོཔ་འོང་ཟེར་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༢༨ ལུ་ དམིགས་བསལ་ལས་རིམ་ཐོག་ལུ་ གྲོས་བསྟུན་འབད་བའི་སྐབས་ ལྷན་ཁག་གི་ ལས་རིམ་གཙོ་འཛིན་འོགམ་ ཡེ་ཤེས་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ བདུན་ཕྲག་རེ་ནང་ སློབ་རིམ་༤ པ་ལས་༡༢ པའི་ནང་ བརྡ་དོན་འཕྲུལ་རིག་ཤེས་ཡོན་གྱི་ ཐུན་ཚན་༢ ལུ་ ཡར་སེང་འབད་དགོཔ་ ཡོད་ཟེར་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༢༡ ལས་བརྒལ་ ལག་ལེན་འཐབ་མི་ཚུགས་ནི་ཨིནམ་ད་ མ་གཞི་ ཚོགས་སྡེའི་ཁ་ཐུག་ལས་ ཐུན་ཚན་༣ དགོཔ་སྦེ་ དགོས་མཁོ་ཡོད་རུང་ དམིགས་བསལ་གྱི་ ལས་རིམ་ནང་ འཆར་དངུལ་ཚད་ཅིག་ལས་བརྒལ་ མེད་མི་ལུ་བརྟེན་ཨིན་པས།
ལས་རིམ་གཙོ་འཛིན་འོགམ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཚུ་ནང་ བརྡ་དོན་འཕྲུལ་རིག་ སློབ་སྟོན་པ་དང་ ཡོངས་འབྲེལ་ཨིན་ཊར་ནེཊ་ དེ་ལས་ འཆར་དངུལ་མ་ལང་པའི་ དཀའ་ངལ་སྣ་ཚོགས་ ཐོན་བཞིན་ཡོད་ཟེར་ཨིན་པས།
ད་ལྟོའི་ གནས་སྟངས་ནང་འབད་བ་ཅིན་ སློབ་གྲྭ་ཆུ་བ་ཚུ་ནང་ བརྡ་དོན་འཕྲུལ་རིག་ ལག་ལེན་ཁང་ བརྒྱ་ཆ་༡༠ རྐྱངམ་གཅིག་དང་ འབྲིང་རིམ་སློབ་གྲྭ་ ག་རའི་ནང་ བརྡ་དོན་ཁང་མིག་རེ་ཡོད་རུང་ གཡོག་བཀོལ་བཏུབ་པའི་ གློག་རིག་ཀམ་པུས་ཊར་༡༠-༣༢ ལས་བརྒལ་མེདཔ་ཨིན་པས།
སློབ་རིམ་༤ པ་ལས་༩ པའི་ བརྡ་དོན་འཕྲུལ་རིག་གི་ རྩ་གཞུང་དེ་ སྤྱི་ལོ་༢༠༡༧ ལས་ སློབ་གྲྭ་ཚུ་ གྲ་སྒྲིག་ཡོད་མི་དང་འཁྲིལ་ཏེ་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོད་མི་དེ་ཡང་ ཨའི་ཤེས་རིག་དང་པ་དང་ ཤེས་རིག་འཆར་གཞི་ ཨམ་༢༠༡༤-༢༤ རིམ་སྒྲིག་འབད་དེ་ ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *