ཁ་ཙ་ ཐིམ་ཕུག་ཁྲོམ་སྡེ་ཡིག་ཚང་ནང་ ཤིང་འབྲས་དང་ འབྲུ་སྣའི་ཐོན་སྐྱེད་བཙོང་མི་༨༠ དེ་ཅིག་ལུ་ ངོས་འཛིན་འབད་མི་ ས་ཁོངས་ཚུ་ནང་ ཚོང་བཙོང་སའི་ས་གོ་ བགོ་བཀྲམ་གྱི་དོན་ལུ་ ཁ་རྗེ་རྒྱན་ཤོག་འཐུ་བཅུག་པའི་བསྒང་།

བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་གྱི་ སྒོ་ཚོང་པ་ཚུ་གིས་ བློན་ཆེན་ལུ་ ཞུ་ཡིག་བཙུགས་ཡོདཔ།

དེ་ཡང་ ཁྲོམ་སྡེ་གིས་ སྒོ་ཚོང་པ་ཚུ་ ས་ཁོངས་སོ་སོའི་ནང་ སྤོ་བཤུད་འབད་གོ་པའི་ གྲོས་ཐག་བཅད་མི་ལུ་བརྟེན་ཨིན་པས།

༉ ཐིམ་ཕུག་ཁྲོམ་སྡེ་གིས་ བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ནང་ ཚོད་བསྲེ་བཙོང་མི་ག་ར་ དུས་ཡུན་ཟླཝ་༢ ནང་ ཁྲོམ་སེྡ་ནང་འཁོད་ཀྱི་ ས་ཁོངས་སོ་སོའི་ནང་ སྤོ་བཤུད་འབད་དགོ་པའི་ གྲོས་ཐག་བཅད་མི་ལུ་ སྒོ་ཚོང་པ་ཚུ་ སེམས་དང་མ་ལྡན་པར་ རེས་གཟའ་མིག་དམར་ལུ་ བློན་ཆེན་ལུ་ ཞུ་གཏུགས་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༡༣ ལུ་བྲིས་མི་ ཞུ་ཡིག་དེ་ནང་ སྒོ་ཚོང་པ་ཚུ་གིས་ བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་དེ་ ནད་ཡམས་ལུ་བརྟེན་ སྒོ་བསྡམ་པ་ཅིན་ ཁོང་གིས་ ས་ཁོངས་དེ་ནང་ ཚོང་འབྲེལ་མི་འཐབ་ཟེར་ བཀོད་ཡོདཔ་ད་ ཁོང་གིས་ བློན་ཆེན་ལུ་ བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་བརྩིས་ཏེ་ ས་གོ་གསུམ་ ངོས་འཛིན་འབད་དེ་ གནང་དགོཔ་སྦེ་ཞུ་བ་ཕུལ་ནུག།
སྒོ་ཚོང་པ་ བཙན་སྐྱོགས་ཚེ་རིང་གིས་ སླབ་མིའི་ནང་ ཁོང་གིས་ བློན་ཆེན་ལུ་ ཞུ་བ་ཕུལ་མིའི་སྐོར་ལས་ ལོ་རྒྱུས་ག་ནི་ཡང་ མ་གོ་ཟེར་ཨིན་པས།
བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་དེ་ ནད་ཡམས་ཀྱི་སྐབས་ལུ་ ཉེན་ཁ་ཅན་གྱི་ ས་ཁོངས་སྦེ་ ངོས་འཛིན་འབད་ཡོདཔ་མ་ཚད་ ཁྲོམ་སྡེ་རྒྱ་སྐྱེད་དང་ ཚོང་ཁྲོམ་དེ་ནང་ མི་འབོར་ཡར་སེར་འགྱོ་མི་ལུ་བརྟེན་ ཁྲོམ་སྡེའི་གཞི་རྟེན་མཐུན་ཚུ་ལུ་ ཨུ་ཚུགས་དང་ གདོང་ལེན་སྦོམ་བྱུང་པའི་ ས་གོ་ཅིག་ཨིན་པས།
ཐིམ་ཕུག་ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ཚོད་བསྲེ་བཙོང་མི་ཚུ་ སྤོ་བཤུད་འབད་ནིའི་ གྲོས་ཐག་བཅད་མི་དེ་གིས་ བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ནང་ མི་སྤུངས་འཛོམས་མར་ཕབ་དང་ གཞུང་གིས་ ཚོང་འབྲེལ་ས་ཁོངས་ཅིག་ལུ་ བསྒྱུར་བཅོས་འབད་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་གིས་ ཚོང་ཁྲོམ་གྱི་ སྒོ་ཚོང་པ་ཚུ་ ས་ཁོངས་སོ་སོའི་ ཚོད་བསྲེ་ཁྲོམ་དང་ སྣུམ་འཁོར་བཞག་སའི་ ཐོག་མང་སྒྲིང་ཁྱིམ་གྱི་ ས་གོ་ཚུ་ནང་ སྤོ་བཤུད་འབད་ནིའི་དོན་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས།

ཟླཝ་༢ ཀྱི་ནང་འཁོད་ལུ་ ཚོད་བསྲེ་བཙོང་མི་ཚུ་ བརྒྱ་འཁོར་སོ་ནམ་ཚོང་ཁྲོམ་ལས་ སྤོ་བཤུད་འབད་དགོཔ་ཨིན་པས།

སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ཚོད་བསྲེ་བཙོང་མི་༢༠༠ དང་ ནང་འཁོད་ཐོན་སྐྱེད་བཙོང་མི་༡༥༠ དེ་ཅིག་གིས་ ངོས་འཛིན་ཅན་གྱི་ ས་ཁོངས་ཚུ་ནང་ ས་གོ་གསརཔ་ཚུ་གི་དོན་ལས་ ཁ་རྗེ་རྒྱན་ཤོག་འཐུ་ནིའི་ནང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཁ་ཙ་ ཁྲོམ་སྡེ་གིས་ ཤིང་འབྲས་དང་ འབྲུ་སྣའི་ཐོན་སྐྱེད་བཙོང་མི་༨༠ དེ་ཅིག་ལུ་ ས་ཁོངས་༡༠ ངོས་འཛིན་འབད་མིའི་ནང་ ཁ་རྗེ་རྒྱན་ཤོག་འཐུ་ཐོག་ལས་ ས་གོ་ཚུ་ བགོ་བཀྲམ་འབད་ཡི།
ས་ཁོངས་ཚུ་ནང་ ཚོད་བསྲེ་ཚོང་ཁྲོམ་བཟོ་སྐྲུན་འབད་ནིའི་དོན་ལུ་ དུས་ཡུན་ཟླཝ་༢ དེ་ཅིག་ འགོར་ནི་ཨིནམ་ད་ དེ་ཅིག་གི་བར་ན་ ཚོང་པ་ཚུ་ བཟའ་ཚང་འཚོ་སྐྱོང་འཐབ་ནིའི་དོན་ལུ་ བདུན་ཕྲག་༢ ཀྱི་ཤུལ་ལས་ ས་ཁོངས་༡༠ ལས་ ཚོང་བཙོང་ཚུགས་ཟེར་ཨིན་པས།
ཚོད་བསྲེ་ཁྲོམ་དེ་ཡང་ མུ་ཏིག་ཐང་དང་ རྟ་བབ་ ཅང་ཟམ་ཏོག་ བར་སྦིས་ས་ ཅང་བང་གྲུ་ཁྲོམ་ནང་འཁོད་ནང་ ངོས་འཛིན་འབད་ནུག།
ཁྲོམ་དཔོན་ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ བློན་ཆེན་གྱི་ བཀའ་རྒྱ་དང་འཁྲིལ་ ཁྲོམ་སྡེ་གིས་ གཞུང་དང་ མི་སེར་གྱི་ དགོས་མཁོ་འགྲུབ་ཐབས་ལུ་ ཕྱག་ཕྱིད་ཞུ་དོ་ཟེར་ཨིནམ་ད་ ད་རེས་ནངས་པར་ ཚོད་བསྲེ་བཙོང་སའི་ ས་གོ་བཟོ་སྐྲུན་འབད་མི་དེ་ ནད་ཡམས་ལུ་བརྟེན་ འཆར་གཞི་གོང་འཕེལ་གྱི་ ལས་སྣ་ལས་བཏོག་སྟེ་ འབད་དོ་ཟེར་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *