བཀྱག་སེརཔོ་ཐལ་ཏེ་ སྐམ་འགྱོ་མི་ ཀེ་བའི་འདབ་མ་ཚུ།

བར་གཤོང་སྤྱི་འོག་ནང་ ཀེ་བའི་འདབ་མ་ཚུ་ བཀྱག་སེརཔོ་ཐལ་ཏེ་ སྐམ་འགྱོ་དོ་ཡོདཔ།

༉ བཀྲིས་སྒང་ མཁའ་གླིང་རྒེད་འོག་ བར་གཤོང་སྤྱི་འོག་ནང་ ཀེ་བའི་འདབ་མ་ཚུ་ སེརཔོ་ཐལ་ཏེ་ སྐམ་ནི་འགོ་བཙུགས་ཡོདཔ་ལས་ མི་སེར་སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་འདུག།
དེ་ཡང་ དུས་ཚོད་འ་ནེམ་ཅིག་ཁར་ ཀེ་བ་མེ་ཏོག་ཤར་དོ་ཡོདཔ་ཨིན་རུང་ ས་ཞིང་མང་ཤོས་ཅིག་ནང་ ཀེ་བའི་འདབ་མ་ཚུ་ ཁ་དོག་སེརཔོ་ཐལ་ཏེ་ ཤི་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༤༨ ལང་མི་ འཕྲིན་ལས་བཟང་མོ་གིས་ སླབ་མིའི་ནང་ ལཱ་རྩ་འགེངས་འབད་བའི་མཐའ་མར་ ཀེ་བ་ག་ར་སྐམ་འགྱོཝ་ད་ སོ་ནམ་གྱི་ལཱ་ཡང་ འབད་དགོ་མི་མནོ་བས་ཟེར་ཨིནམ་ད་ སོ་ནམ་པ་ཅིག་འབདཝ་ལས་ སོ་ནམ་གྱི་ལཱ་འབད་ནིའི་ སེམས་ཤུགས་ཡང་ མར་ཉམས་འགྱོཝ་མས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཀེ་བ་དེ་ དངུལ་ཐོག་ངོ་མ་ཅིག་འབདཝ་ལས་ ཟད་འགྲོ་ག་ཅི་གཏང་རུང་ ཀེ་བ་ལུ་བརྟེན་དགོ་ཟེར་ཨིནམ་ད་ སང་ཕོད་ག་ཅི་བཟའ་ནི་ཨིན་ནའི་ ཚ་གྱང་ལངམ་མས་ཟེར་ ཨིན་པས།
ཨ་ལོ་༣ གྱི་ཨའི་ དབྱངས་སྐྱིད་ཀྱིས་ སླབ་མིའི་ནང་ དུས་ཚོད་འ་ནེམ་ཅིག་ཁར་ ཀེ་བ་མེ་ཏོག་ཤར་ཏེ་ འབྲས་བུ་བཏགས་པའི་དུས་ཚོད་ཨིན་རུང་ འདབ་མ་སེརཔོ་ལུ་གྱུར་ཏེ་ སྐམ་ནི་འདུག་ཟེར་ཨིནམ་ད་ ཀེ་བ་ཡང་ ཆུང་ཀུ་ཅིག་ལས་བརྒལ་ མི་འོངམ་མས་ཟེར་ཨིན་པས།
གུང་པ་རེ་གིས་ ཀེ་བ་ཚོང་འབྲེལ་འཐབ་སྟེ་ འོང་འབབ་མཐོ་ཤོས་ར་ དངུལ་ཀྲམ་༡༠༠,༠༠༠ ལྷགཔ་ཅིག་དང་ ཉུང་ཤོས་དངུལ་ཀྲམ་༡༥,༠༠༠ དེ་ཅིག་ བཟོ་ནི་ཡོད་རུང་ དུས་ཅི་ འོང་འབབ་དེ་ཅིག་ར་ བཟོ་མི་ཚུགས་ནི་མས་ཟེར་ མོ་གིས་བཤདཔ་ཨིན་པས།
སྐྱེས་ལོ་༥༤ ལང་མི་ བཟང་མོ་གིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ མོ་རིའ་ས་ཞིང་ ཌེ་སི་མཱལ་༤༠ ནང་ ཀེ་བ་འཛུགས་སྐྱོང་འབད་དོ་ཟེར་ཨིནམ་ད་ འོང་འབབ་དངུལ་ཀྲམ་༣༠,༠༠༠ དང་༤༠,༠༠༠ འི་བར་ན་ འཐོབ་ནི་ཡོད་རུང་ དུས་ཅི་ དངུལ་ཀྲམ་༥༠༠༠ འཐོབ་ཚུགས་པར་ ལཱ་ཁག་གཏང་ནི་མས་ཟེར་ཨིན་པས།
ལོ་བསྟར་བཞིན་དུ་ ཀེ་བའི་ཐོན་ཤུགས་དེ་ མར་ཉམས་འགྱོ་དོ་བཟུམ་ མཐོངམ་མས་ཟེར་ མོ་གིས་བཤད་པའི་ཁར་འཐོན་ཤུགས་ མར་མཉམ་འགྱོ་མི་དེ་ གནད་དོན་ག་ཅི་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིན་པས།
མཁའ་གླིང་རྒེད་འོག་གི་མི་སེར་ཚུ་ལུ་ དངུལ་ཐོག་ངོ་མ་ར་ ཀེ་བ་ཨིནམ་བཞིན་དུ་ སྤྱི་འོག་༦ ལས་ ཀེ་བ་མང་ཤོས་ར་ བར་གཤོང་དང་མཁའ་གླིང་ དེ་ལས་ བྲེ་ཁ་སྤྱི་འོག་ཚུ་ནང་ འཛུགས་སྐྱོང་འབད་དོ་ཡོདཔ་ད་ གུང་པ་མང་ཤོས་ཀྱི་ ཀེ་བ་འཛུགས་སྐྱོང་ འབད་དོ་ཡོདཔ་ཨིན་པས།
བར་གཤོང་ཚོགས་པ་ འཕྲིན་ལས་ཀྱིས་ སླབ་མིའི་ནང་ ཁོ་རའི་སྤྱི་འོག་ནང་ ཀེ་བ་སྐམ་འགྱོ་ནི་གིས་ ཀེ་བའི་ཐོན་ཤུགས་བརྒྱ་ཆ་༧༠ དེ་ཅིག་ མར་བབས་སོང་སྟེ་ཡོད་ཟེར་ཨིནམ་ད་ ཀེ་བ་བཙུགས་མི་ མི་སེར་ཚུ་ཡང་ ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གུང་པ་རེ་གིས་ ཀེ་བ་ཕད་ཙི་༥༠ དང་༦༠ གི་བར་ན་ ཐོན་སྐྱེད་འབད་ནི་ཡོད་ཟེར་ཨིནམ་ད་ ལོ་བསྟར་བཞིན་དུ་ ཀེ་བ་ཊཱག་༦ རེ་ ཚོང་འབྲེལ་འཐབ་ནི་ཡོད་རུང་ དུས་ཅི་ ག་དེ་སྦེ་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
འབྲས་ཕུག་ལས་ཨིན་མི་ མཆོད་རྟེན་བཟང་མོ་གིས་ སླབ་མིའི་ནང་ ཀེ་བ་བཙུགས་པའི་དུས་ཚོད་ནང་ ཆརཔ་རྐྱབ་སྟེ་འབད་རུང་ ཀེ་བ་ཤི་ནི་འདུག་ཟེར་ཨིནམ་ད་ བར་གཤོང་སྤྱི་འོག་ནང་རྐྱངམ་གཅིག་མེན་པར་ སྤྱི་འོག་ག་ར་ནང་ ཀེ་བ་སྐམ་ཡོད་པའི་ལོ་རྒྱུས་ སླབ་ནི་འདུག་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ སློབ་གྲྭ་ནང་འགྱོ་མི་ ཨ་ལོའི་ཟད་འགྲོ་ཡང་ ཀེ་བ་ལས་ཐོབ་པའི་ འོང་འབབ་ཀྱིས་ གཏང་དགོ་ཟེར་ཨིནམ་ད་ སང་ཕོད་ལས་ ཕར་དང་ཚུར་ལས་ བསྐྱི་དགོཔ་འཐོན་ནི་མས་ཟེར་ཨིན་པས།
རྫོང་ཁག་སོ་ནམ་ཡིག་ཚང་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༧ དང་༢༠༡༨ ནང་ མཁའ་གླིང་རྒེད་འོག་ལུ་ ཀེ་བ་ས་ཆ་ཨེ་ཀར་༢༦༠.༡༦ འཛུགས་སྐྱོང་འབད་ས་ལས་ ཀེ་བ་མེ་ཊིག་ཊཱོན་༢༠༣༥.༧༡ ལས་བརྒལ་ མ་ཐོན་པས་ཟེར་ཨིན་པས།
རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ མཁའ་གླིང་རྒེད་འོག་ནང་ ཀེ་བ་སྐམ་འགྱོ་བའི་གནད་དོན་གཙོ་བོ་ར་ ཀེ་བའི་སོན་རྙིངམ་ ལག་ལེན་འཐབ་ནི་དེ་གིས་ཨིནམ་ད་ ཀེ་བའི་སོན་གསརཔ་ འཛུགས་སྐྱོང་འབད་ནི་ རན་ཆི་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སོ་ནམ་པ་ཚུ་ལུ་ སོན་གསརཔ་ འཛུགས་སྐྱོང་འབད་དགོ་པའི་སྐོར་ལས་ གོ་བརྡ་སྤེལ་རུང་ སྣང་མེད་བཞག་དོ་བཟུམ་སྦེ་ མཐོངམ་མས་ཟེར་ཨིནམ་ད་ རྒེད་འོག་ལུ་ལྷོད་པའི་མ་དངུལ་དེ་ ཀེ་བའི་སོན་གསརཔ་བཀྲམ་སྤེལ་འབད་དེ་ སོ་ནམ་ཐོན་སྐྱེད་ལུ་ གཙོ་རིམ་བཟུང་པ་ཅིན་ དྲག་ནི་བཟུམ་ཅིག་ཡོད་རུང་ འཆར་གཞི་དེ་ མི་སེར་ཚུ་གི་བརྩམས་ནི་དེ་གིས་ འབད་ཐབས་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
པདྨ་དབང་ཕྱུག་དང་འཁྲིལ་བ་ཅིན་ མཁའ་གླིང་རྒེད་འོག་དེ་ འཚོ་བ་ཀེ་བ་ལུ་བརྟེན་སྡོད་ནི་དེ་གིས་ ལོ་ཐོག་ཀེ་བ་ལས་བརྒལ་ གཞན་ག་ནི་ཡང་ བཏབ་ནི་མེད་ཟེར་ཨིནམ་ད་ ས་ཆ་ཡང་སོར་ཏེ་ ཀེ་བ་འཛུགས་སྐྱོང་འབད་རན་ཆི་ནུག་ཟེར་ ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མཁའ་གླིང་རྒེད་འོག་གི་ གུང་པ་༢ དེ་ཅིག་ལུ་ ཀེ་བའི་སོན་གསརཔ་ འཛུགས་སྐྱོང་འབད་བཅུག་ཡི་ཟེར་ཨིནམ་ད་ ཀེ་བ་ལེགས་ཤོམ་ཡོད་པའི་ཁར་ ནད་གཞི་ཡང་ ག་ནི་ཡང་མེདཔ་ལས་ ཀེ་བའི་སོན་དེ་ར་ སོར་བ་ཅིན་ ཐོན་སྐྱེད་འབད་ནི་ལུ་ ཕན་ཐོགས་ནི་མས་ཟེར་ཨིན་པས།
མཁའ་གླིང་རྒེད་འོག་ནང་ ཞིབ་འཚོལ་ཅིག་འབདཝ་ད་ ཀེ་བའི་སོན་རྙིངམ་ལག་ལེན་འཐབ་སྟེ་ ལོ་༡༠ ལྷགཔ་ཅིག་ ལང་མི་ཡང་འདུག་ཟེར་ སོ་ནམ་རྒྱ་སྐྱེད་འགོ་དཔོན་ པདྨ་དབང་ཕྱུག་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། མཁའ་གླིང་།

 

About admin

Check Also

བཀྲིས་སྒང་གི་ མི་སེར་ཚུ་གིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ།

༉ བཀྲིས་སྒང་རྫོང་ཁག་ནང་ སྒོ་ནོར་སེམས་ཅན་གཞན་དང་ཕྱདཔ་ད་ མི་སེར་མང་ཤོས་ཀྱིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ད་ ནོར་གསོ་ནི་དེ་ ཡོངས་གྲགས་ཐོན་ཏེ་འདུག། དེ་ཡང་ ནོར་གསོ་སྐྱོང་གི་ལཱ་འབདཝ་ད་ སྡིག་པའི་ལཱ་དེ་ཅིག་ར་ མེད་ནི་དེ་གིས་ཨིནམ་ད་ ནོར་གྱི་ཐོན་སྐྱེད་ཚུ་ འཇམ་ཏོང་ཏོ་སྦེ་ ཚོང་འབྲེལ་འཐབ་ཚུགས་ནི་དེ་གིས་ …

Leave a Reply

Your email address will not be published. Required fields are marked *