ལྟ་བཤལཔ་ཚུ་ སྟག་ཚང་གནས་སྐོར་ལས་ལོག་སྟེ་ རམ་ཐང་ཁ་ ངལ་འཚོ་སྡོད་པའི་བསྒང་།

བཞོན་རྟ་ཁག་འབག་ཚོགས་པ་ གཞུང་འབྲེལ་ཐོག་ འགོ་བཙུགས་ཡོདཔ།

༉ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ སྤ་རོ་སྟག་ཚང་ལུ་ བཞོན་རྟ་ཞབས་ཏོག་ མཉམ་འབྲེལ་དང་ ཁྱད་རིག་ཐོག་ལས་ བྱིན་ནིའི་དོན་ལུ་ བཞོལ་རྟ་ཁག་འབག་ཚོགས་པ་དེ་ གཞུང་འབྲེལ་ཐོག་ལས་ འགོ་བཙུགས་ཡོདཔ་ཨིན་པས།
མ་གཞི་ ཚོགས་པ་དེ་ སྤྱི་ཟླ་༨ པའི་ཚེས་༡ ལུ་ འགོ་བཙུགས་དགོཔ་ཨིན་རུང་ བཅའ་ཡིག་དང་ སྒྲིག་གཞི་བསྐྱར་ཞིབ་དང་ ཆ་འཇོག་འབད་ནི་ལུ་ དུས་ཚོད་འགོར་ཡོདཔ་ད་ ཚོགས་པའི་བཅའ་ཡིག་དང་ སྒྲིག་གཞི་ཚུ་གི་ གནས་སྟངས་དང་ འགན་ཚད་ཚུ་ བསྐྱར་ཞིབ་འབད་དེ་ རྫོང་ཁག་ཚོགས་འདུ་དང་ རྒེད་འོག་ཚོགས་སྡེ་གིས་ ཆ་འཇོག་འབད་ཡོདཔ་ཨིན་པས།
ཚོགས་པའི་ཁྲི་འཛིན་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ བཅའ་ཡིག་དང་ སྒྲིག་གཞི་ཚུ་ བཙུགས་མི་ལུ་བརྟེན་ བཞོན་རྟ་གི་ ཞབས་ཏོག་ལེགས་ཤོམ་འགྱོ་ནི་གི་ རེ་བ་ཡོད་པའི་ཁར་ ཚོགས་པའི་འཐུས་མི་ག་ར་ གོ་སྐབས་འདྲ་མཉམ་སྦེ་ འཐོབ་ཚུགས་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ཁ་སྐད་མ་ཤེས་མི་ རྟ་གི་ཇོ་བདག་ཚུ་གིས་ ལྟ་བཤལཔ་ཚུ་ལས་ འོང་འབབ་དེ་ཅིག་ར་ བཟོ་མ་ཚུགས་པས་ཟེར་ཨིནམ་ད་ སོ་ནམ་པ་ག་ར་ ལྟ་བཤལ་ལས་དོན་ལས་ ཕན་ཐོགས་དགོ་ཟེར་ ཁྲི་འཛིན་གྱིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ མཉམ་འབྲེལ་ལེགས་ཤོམ་ མེད་པ་ཅིན་ ལྟ་བཤལཔ་ཚུ་ལུ་ དཀའ་ངལ་དང་ མི་སྡེ་དཔལ་འབྱོར་དང་ རྒྱལ་ཁབ་ཀྱི་ མིང་གཏམ་ལུ་ཡང་ ཐོ་ཕོགཔ་མས་ཟེར་ཨིནམ་ད་ ལྟ་བཤལ་ཚུ་ ལྷོད་པའི་སྐབས་ རྟ་གི་ཇོ་བདག་ཚུ་གིས་ སྡེ་ཚན་སྦེ་འགྱོཝ་ད་ ལེགས་ཤོམ་མི་མཐོངམ་མས་ཟེར་ཨིན་པས།
ཚོགས་པའི་ཡིག་ཚང་ཅིག་ཡང་ སྟག་ཚང་འགྱོ་སའི་ལམ་ཁར་ རམ་ཐང་ཁ་ལུ་ སྒོ་ཕྱེ་སྟེ་ཡོདཔ་ད་ འཐུས་མི་ཚུ་ ཚད་འཛིན་འབད་མི་ ལས་བྱེདཔ་ཚུ་ བཙུགས་ཏེ་ཡོདཔ་ལས་ ཞབས་ཏོག་ལེན་ནིའི་དོན་ལུ་ བརྒྱུད་འཕྲིན་ཐོག་ལས་ མཁོ་མངགས་མ་འབད་མི་ཚུ་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིན་པས།
ཉིན་བསྟར་བཞིན་དུ་ འཐུས་མི་ཚུ་ལུ་ ཨང་གྲངས་བྱིན་ནི་ཨིནམ་ལས་ དེ་དང་འཁྲིལ་ཏེ་ འཐུས་མི་ཚུ་གིས་ ལྟ་བཤལཔ་ཚུ་ལུ་ ཞབས་ཏོག་བྱིན་དགོཔ་བཞིན་དུ་ ད་ཚུན་འཐུས་མི་༣༧ དང་ བཞོན་རྟ་༣༠༠ དེ་ཅིག་ཡོདཔ་ཨིན་པས།
བཞོན་རྟ་༧༠-༨༠ དེ་ཅིག་ ལྟ་བཤལཔ་མངམ་འོང་པའི་ ནམ་དུས་ལུ་ ལག་ལེན་འཐབ་དོ་ཡོདཔ་ད་ དུས་ཚོད་མེན་པའི་སྐབས་ བཞོན་རྟ་༤༠ དེ་ཅིག་ལས་བརྒལ་ ལག་ལེན་འཐབ་ནི་མེདཔ་ཨིན་པས།
རྟའི་ཇོ་བདག་ལ་ལོ་གིས་ ཞབས་ཏོག་གི་ གོང་ཚད་ཡང་ རྟ་རེ་ལུ་ དམའ་ཤོས་ར་ དངུལ་ཀྲམ་༤༠༠ རེ་དང་ མཐོ་ཤོས་ར་ དངུལ་ཀྲམ་༡,༥༠༠ ཚུན་ ཡར་སེང་འབད་དོ་ཡོདཔ་མ་ཚད་ ཁག་འབགཔ་ཚུ་ལུ་ བཞོན་རྟའི་ཞབས་ཏོག་ བྱིན་ནི་གི་ ཚད་གཞི་ཡང་མེདཔ་ཨིན་པས།
ཞབས་ཏོག་གི་གོང་ཚད་ བསྐྱར་ཞིབ་འབད་དེ་ རྟ་དང་ རྟ་བདའ་མི་རེ་ལུ་ དངུལ་ཀྲམ་༨༨༠ ལུ་ གཏན་འཁེལ་སྦེ་ བཟོ་ཡོད་པའི་ཁར་ ཞབས་ཏོག་མཁོ་སྤྲོད་འབདཝ་ད་ བཞོན་རྟ་༣ ལས་བརྒལ་ བདའ་མི་ཆོག་ནི་ཨིནམ་ད་ གལ་སྲིད་ ལྟ་བཤལཔ་ཚུ་གིས་ རྟ་རེ་ལུ་ མི་རེ་དགོ་པའི་ མཁོ་འདོད་བཀོད་པ་ཅིན་ གླ་འཐུས་དངུལ་ཀྲམ་༡,༡༠༠ བཟོ་སྟེ་ཡོདཔ་ཨིན་པས།
འཐུས་མི་ཅིག་གིས་ སླབ་མིའི་ནང་ ཚོགས་པ་ལུ་བརྟེན་ མཉམ་འབྲེལ་འབད་ཚུགས་ནི་མས་ཟེར་ཨིནམ་ད་ བཅའ་ཡིག་དང་ སྒྲིག་གཞི་གསརཔ་ནང་ རྟ་བདའ་མི་ ལོ་ཚད་ཡང་ སྐྱེས་ལོ་༡༨ ཡན་ཆད་དགོཔ་འདུག་ཟེར་ཨིན་པས།
བཞོན་རྟ་ཁག་འབག་ཚོགས་པ་དེ་ འགོ་དང་པ་ར་ སྤྱི་ལོ་༢༠༡༥ ལུ་ གཞི་བཙུགས་འབད་ཡོད་རུང་ བཅའ་ཡིག་དང་ སྒྲིག་གཞི་ལེགས་ཤོམ་མེདཔ་ལས་ འཐུས་མི་ཚུ་གིས་ ངོས་ལེན་འབད་མ་བཏུབ་ཨིན་པས།
འདས་པའི་ཟླཝ་ནང་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ བཞོན་རྟ་ཞབས་ཏོག་སྤྱོད་ནི་གི་ དང་འདོད་ཡོད་མི་ ལྟ་བཤལ་ལས་སྡེ་ཚུ་གིས་ བཞོན་རྟ་ཚོགས་པ་དང་ འབྲེལ་བ་འཐབ་སྟེ་ ཞབས་ཏོག་མཁོ་མངགས་འབད་ཐོག་ལས་ ཧེ་མ་ལས་བཟོ་སྟེ་ཡོད་མི་ ཁག་འབག་ ཡང་ཅིན་ ད་ལྟོ་ཡོད་མི་ ཁག་འབག་ཚུ་ མཚམས་འཇོག་འབད་དགོ་པའི་ ཁྱབ་བསྒྲགས་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བིའུ་པོནཊ་དང་ ཀྲོང་གསར་རྫོང་གི་བར་ན་ཡོད་མི་ བ་ཟམ་ཉམས་བཅོས་འབད་ནི།

༉ ཀྲོང་གསར་བིའུ་པོནཊ་དང་ ཆོས་རྩེ་རྫོང་གི་བར་ན་ མང་སྡེ་ཆུ་གུ་ཡོད་མི་ བ་ཟམ་དེ་ རྫོང་ཁག་བདག་སྐྱོང་གི་ འགོ་འདྲེན་ཐོག་ ལོག་རྐྱབ་ནི་ཨིན་པས། ད་ལྟོ་ དང་ཕུའི་གཞུང་ལམ་བདའ་སྟེ་ ལམ་འགྲུལ་འབད་བ་ཅིན་ གནས་སྟངས་ལེགས་ཤོམ་ཡོད་མི་དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསོ་བའི་ལམ་འགྲུལ་འགོ་འདྲེན་འཐབ་པའི་སྐབས་ རྐང་ལམ་བསལ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *