ལྷ་སྲས་གཙང་མ་གིས་བཞེངས་མི་ བཙན་མཁར་ལ་རྫོང་གི་ གྱང་ཁོག།

བཙན་མཁར་ལ་རྗོང་དང་ ལྷ་སྲས་གཙང་མའི་ ལོ་རྒྱུས།

༉ བཀྲིས་གཡང་རྩེ་ བཙན་མཁར་ལ་སློབ་གྲྭ་ལྟེ་བ་ལས་ ཁ་ཡར་ལྟག་འགྱོ་བའི་སྐབས་ གྱང་ཁོག་ཅིག་ མཐོང་ཚུགས་མི་དེ་ ལྷ་སྲས་གཙང་མའི་རྫོང་ཨིན་ཟེར་ སླབ་མ་གཏོགས་ ཁ་གསལ་སྦེ་ཤེས་མི་ རེ་གཉིས་ལས་བརྒལ་མེདཔ་ད་ ད་རེས་ནངས་པར་ ཡོངས་གྲགས་ལུ་ ཕའི་ར་བ་ཟེར་ སླབ་དོ་ཡོདཔ་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ལྷ་སྲས་གཙང་མ་གིས་ རྫོང་ལེ་ཤ་བཞེངས་ཡོད་པའི་གྲས་ལས་ གཅིག་ བཀྲིས་གཡང་རྩེ་བཙན་མཁར་ལའི་ རྫོང་དེ་ཨིནམ་ད་ ཤར་ཕྱོགས་ཁ་ཐུག་ལུ་ ཁོ་གི་མི་རྒྱུད་ལེ་ཤ་ཡོད་པའི་ཁར་ རྒྱལ་ཁབ་ཀྱི་ ས་ཁོངས་གཞན་ཚུ་ནང་ཡང་ མི་རྒྱུད་ཚུ་ ཡོདཔ་ཨིན་པས།
རྒྱ་གར་གྱི་ རྒྱལཔོ་སིནྡ་དང་ བོད་ཀྱི་ ཁྱི་ཁ་ར་ཐོད་བཟུམ་སྦེ་ ལྷ་སྲས་གཙང་མ་ཡང་ འབྲུག་ལུ་ རྒྱལ་འཛིན་གྱི་སྐྱབས་འཛིན་པ་ཅིག་སྦེ་ བྱོན་ཡོདཔ་ད་ ཁོ་ར་ བོད་ཀྱི་ཆོས་རྒྱལ་ ཁྲི་སྲོང་ལྡེའུ་བཙན་གྱི་ དི་བུ་ཚུ་གི་གྲས་ལས་ སྦོམ་ཤོས་ཨིནམ་ད་ ཁོ་གི་ སྤུན་ཆ་ཆུང་ཤོས་ གླང་དར་མ་གིས་ རྒྱལཔོ་རོལ་པ་ཅན་ བསད་ཞིནམ་ལས་ རྒྱལ་ཁྲི་ཁར་ འོང་མི་ལུ་བརྟེན་ སྤུན་ཆ་ཚུ་ ས་ཁོངས་སོ་སོར་ཚུ་ནང་ བྱོག་འགྱོ་དགོཔ་ ཐོན་ཡོདཔ་མ་ཚད་ ནང་པ་སངས་རྒྱས་པའི་ བསྟན་པ་དེ་ཡང་ ཐལ་བར་བརླགས་བཏང་ཡོདཔ་ཨིན་པས།
ལོ་རྒྱུས་ཚུ་དང་འཁྲིལཝ་ད་ ལྷ་སྲས་གཙང་མ་གིས་ སྤྱི་ལོ་༨༣༦ མེ་སྤྲེལ་ལོ་ལུ་ ཕ་རི་བརྒྱུད་དེ་ སྤ་རོ་ལུ་ འོང་ཡོདཔ་ད་ སྤ་རོ་ལུ་ བཞུགས་པའི་སྐབས་ བུམོ་ཅིག་དང་ཕྱད་ཡོདཔ་ལས་ བུ་ཅིག་སྐྱེས་ཡོད་མི་ལུ་བརྟེན་ ད་རེས་ བུ་དེ་གི་རྒྱུད་པ་དེ་ སྤ་རོ་རྒྱལ་གདུང་དང་ ཐིམ་ཕུག་གདུང་འགྲོ་འགྲུལ་ཆེ་བ་ཚུ་ ཨིན་པས།
དེ་ལས་ ལྷ་སྲས་གཙང་མའི་ ལུང་བསྟན་དེ་ ཤར་ཕྱོགས་ཁ་ཐུག་ཡོདཔ་ལས་ ཝང་དང་ ཤར་ མང་སྡེ་ ཁེངས་ དེ་ལས་ གཞོང་སྒར་ཟེར་ མོང་སྒར་ལུང་ཕྱོགས་ཚུ་བརྒྱུད་དེ་ བྱོན་ཡོདཔ་ལས་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལུ་ ལྷོད་ཡོདཔ་ད་ ཁོ་ར་ ནང་པ་སངས་རྒྱས་པའི་བསྟན་པ་ལུ་ དད་པ་སྦོམ་ཡོད་མི་ཅིག་འབདཝ་ལས་ དུས་རབས་༩ པ་དེ་ཅིག་ཁར་ བཙན་མཁར་ལ་ལུ་ རྫོང་ཅིག་བཞེངས་ཞིནམ་ལས་ དེ་ནང་ བཞུགས་ནུག།
ངག་རྒྱུན་དང་འཁྲིལཝ་ད་ དེ་ཁར་ རིགས་བཟང་མཁའ་འགྲོ་མའི་ རྒྱུད་པ་ཅིག་ཨིན་མི་ བུམོ་བསོད་ནམས་དཔལ་སྐྱིད་ཟེར་མི་དང་ཕྱད་དེ་ སྲས་འཁྲུལ་མེད་ལྷའི་དབང་ཕྱུག་དང་ ཆོས་བུ་མཐོང་ལེགས་བཙན་༢ འཁྲུངས་ཡོདཔ་ད་ རིགས་བཟང་གི་ གདུང་རྒྱུད་ལས་ཨིན་མི་ལུ་བརྟེན་ སྲས་༢ པོ་དེ་ ཉེ་འདབས་ཀྱི་ ལུང་ཕྱོགས་ཚུ་གིས་ ཁོང་གི་ གཙོ་དཔོན་འབད་དགོ་པའི་ མགྲོན་བརྡ་ཕུལ་ཡོདཔ་ཨིན་པས།
བཀྲིས་སྒང་བཀང་ལུང་ འཇམ་དཔལ་གླིང་སློབ་གྲྭ་ལྟེ་བའི་དབུ་འཛིན་ རིག་འཛིན་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལྷ་སྲས་གཙང་མ་གིས་ བཙན་མཁར་ལའི་རྫོང་དེ་ མ་བཞེངས་པའི་ཧེ་མར་ སྟོད་ཚོ་རྒེད་འོག་ གོང་ཟ་གནས་ཀྱི་ལྟག་ལུ་ ཕངས་མཁར་རྫོང་བཞེངས་ཏེ་ དེ་ནང་ བཞུགས་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཕངས་མཁར་རྫོང་དེ་ གོང་ཟ་གནས་ཀྱི་ལྟག་ལུ་ འབད་ནི་དེ་གིས་ གནས་དེ་ ཨྱོན་གུ་རུ་རིན་པོ་ཆེའི་སྦས་གནས་ ཁྱད་པར་ཅན་ཅིག་ཨིནམ་ལས་ ཁོ་གི་རྫོང་དེ་ གནས་ཀྱི་ལྟག་ལུ་ མི་བཏུབ་པས་ཟེར་ ཐུགས་བསམ་བཞེད་དེ་ བཙན་མཁར་ལའི་རྫོང་དེ་ བཞུགས་ནུག་ཟེར་ཨིནམ་ད་ དེ་ཁ་ལས་མར་ བལྟ་བའི་སྐབས་ ཕངས་མཁར་རྫོང་དེ་ ཕངས་སི་སི་སྦེ་ མཐོང་མི་ལུ་བརྟེན་ མིང་ཡང་ ཕངས་མཁར་ཟེར་ བཏགས་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྟོད་ཚོ་རྒེད་འོག་ སྣང་མཁར་དགོན་པ་ལུ་ཡང་ གྱང་ཁོག་ཅིག་ མཐོང་སྲོལ་ཡོད་མི་དེ་ཡང་ ལྷ་སྲས་གཙང་མ་གིས་ བཞེངས་ནུག་ཟེར་ཨིནམ་ད་ སྣང་མཁར་ཟེར་ བཏགས་མི་དེ་ཡང་ དེ་ཁར་ལས་ བལྟ་བའི་སྐབས་ གཡུས་ཚན་ག་ར་ མཛེས་ཏོག་ཏོ་སྦེ་ མཐོང་དོ་ཡོད་མི་ལུ་བརྟེན་ ཨིན་པས་ཟེར་ རིག་འཛིན་རྡོ་རྗེ་གིས་ བཤདཔ་ཨིན་པས།
རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ བཀྲིས་གཡང་རྩེ་འཇམ་མཁར་ཟེར་ བཏགས་མི་དེ་ཡང་ ལྷ་སྲས་གཙང་མ་ འཇམ་མཁར་གཡུས་ཚན་ལུ་ བྱོན་པའི་སྐབས་ དེ་ཁའི་མི་ཚུ་གིས་ ལྷ་སྲས་ལུ་ ཁོང་ཆ་ཁྱབ་ལུ་ མཁར་ཟེར་ ཁྱིམ་ཅིག་རྐྱབ་གནང་ཟེར་ ཞུ་བའི་སྐབས་ ཁོ་གིས་ འཇམ་ཟེར་ ལན་གསུངས་ནི་དེ་གིས་ ཤུལ་ལས་ འཇམ་མཁར་ཟེར་ བཏགས་ཡོདཔ་སྦེ་ བཤད་ནི་འདུག་ཟེར་ཨིན་པས།
ལུང་ཕྱོགས་ཚུ་གིས་ མགྲོན་བརྡ་ཕུལ་མི་དང་འཁྲིལ་ ལྷ་སྲས་གཙང་མའི་ བུ་སྦོམ་ཤོས་དེ་ རྒྱ་གར་གྱི་མངའ་སྡེ་ མོན་ཏ་ཝང་ ལ་འོག་ཡུལ་གསུམ་གྱི་ལུང་ཕྱོགས་ནང་ སོང་ཞིནམ་ལས་ གཞིས་བཅགས་ཏེ་ དར་ཁྱབ་འབད་མི་དེ་ལུ་ ཇོ་བོ་རྒྱུད་པ་ཟེར་ སླབ་དོ་ཡོདཔ་ད་ ཤུལ་ལས་ རྒྱུད་པ་དེ་གིས་ ལ་འོག་ཡུལ་གསུམ་དང་ དཔའ་བོ་གདུང་ལུང་ཕྱོགས་ཀྱི་ གཙོ་དཔོན་འབད་ཡོདཔ་ཨིན་པས།
ལོ་རྒྱུས་ཚུ་དང་འཁྲིལཝ་ད་ ལྷ་སྲས་གཙང་མའི་ བུ་ཆུང་ཤོས་ལུ་ བུ་༣ ཡོདཔ་ད་ བཙན་མཁར་ལ་ལུ་ཡོད་མི་ ཁོ་གི་རྒྱུ་དངོས་ཚུ་ བུ་ཆུང་ཤོས་ཀྱིས་ བདག་འཛིན་འཐབ་ཐོག་ལས་ རྒྱུད་པ་འཛིན་ཏེ་ ཁོ་གི་ བུ་ཚུ་ལུ་ རྩིས་སྤྲོད་འབད་ཡོདཔ་ལས་ བུ་སྦོམ་ཤོས་ ཁྲི་དཔོན་དཔལ་ཟེར་མི་ལས་ རྗེ་ཟེར་མིའི་ རྒྱུད་པ་དེ་ དར་ཁྱབ་སོང་ཡོདཔ་བཞིན་དུ་ རྒྱུད་པ་དེ་ ཤར་ཕྱོགས་ཁ་ཐུག་ལུ་ ཁག་ཆེ་ཤོས་ཅིག་ཨིན་པས།
རྗེ་རྒྱུད་པའི་ ཡན་ལག་ཅིག་གིས་ བཀྲིས་སྒང་ལུང་ཕྱོགས་ བཀང་ལུང་དང་ བཙན་མཁར་ སྦིས་མཁར་ རང་གཤིས་མཁར་ བེང་མཁར་དང་མཁའ་གླིང་ བཀྲིས་གཡང་རྩེ་ལུང་ཕྱོགས་ རྫོང་སྟོད་དང་རྫོང་སྨད་ དེ་ལས་ ཁྲ་གོངམ་ཚུ་གི་ གཙོ་དཔོན་འབད་ཡོདཔ་ད་ ཡན་ལག་གཞན་ཚུ་གིས་ གདུང་བསམ་པདྨ་དགའ་ཚལ་དང་ བསམ་གྲུབ་ལྗོངས་མཁར་ དེ་ལས་ མོང་སྒང་ལུང་ཕྱོགས་ སྔ་ཚང་དང་ ཅི་ཚང་ཚུ་གི་ གཙོ་དཔོན་འབད་ཡོདཔ་ཨིན་པས།
དེ་ལས་ ལྷ་སྲས་གཙང་མའི་ དི་བུ་༣ ལས་༢ མཚེ་མ་སྦེ་ སྐྱེས་ཡོདཔ་ལས་ རྒྱུད་པ་དེ་ལུ་ སྦྱར་ཟེར་སླབ་ཨིནམ་ད་ མཚེ་མ་ཅིག་ལུ་ ཨ་ལོ་མེད་རུང་ གཞན་མི་ལུ་ གནས་ཚང་༤ ལས་ ཨ་ལོ་༤ སྐྱེས་ཡོདཔ་ལས་ གནས་ཚང་དང་པའི་ ཨ་ལོ་དེ་གིས་ སྦྱར་རྒྱུད་པ་དེ་ དར་ཁྱབ་འབད་ཡོདཔ་བཞིན་དུ་ གཞན་མི་༣ གྱིས་ ཡེ་སྡེ་ ཏུང་སྡེ་དང་ ཝང་མ་ཟེར་མིའི་ རྒྱུད་པ་ཚུ་ དར་ཁྱབ་འབད་ཡོདཔ་ཨིན་པས།
ལོ་རྒྱུས་ཚུ་ནང་ ཐོན་མི་དང་འཁྲིལཝ་ད་ ཡེ་དང་ཏུང་ ཝང་ཟེར་ བཏགས་མི་དེ་ཡང་ ཉིནམ་ཅིག་འབདཝ་ད་ གནས་ཚང་དང་པ་གིས་ གནས་ཚང་གཞན་༣ གྱི་ ཨ་ལོ་༣ ལུ་ ཕྲག་དོག་བསྐྱེད་དེ་ ཤིང་གི་རྡོབ་དང་ ཚར་གྱི་ལག་གཟེམ་ དེ་ལས་ ས་དོང་ནང་ གཡིབ་བཞག་མི་ལུ་བརྟེན་ཨིནམ་ད་ མིང་ཚུ་ཡང་ ཚངས་ལའི་ཁ་སྐད་ནང་ བཏགས་ཡོདཔ་ཨིན་པས།
སྦྱར་རྒྱུད་པ་ ལ་ལོ་ཅིག་གིས་ མོན་ཏ་ཝང་གི་ དོམ་ཁ་དང་ མུར་ཞིང་ལུང་ཕྱོགས་དང་ ལ་ལོ་ཅིག་གིས་ པདྨ་དགའ་ཚལ་ ཟླ་སྒོར་ ཕྱི་མུང་ གཡུ་རུང་ ཚྭ་རྩེ་ འཁང་མ་ དེ་ལས་ ཝམ་རོང་གི་ གཙོ་དཔོན་འབད་ཡོདཔ་ད་ ཡེ་སྡེ་རྒྱུད་པ་ཚུ་གིས་ བཀྲིས་སྒང་ར་ལྡི་ སྦིས་གདུང་ དགའ་གླིང་ མེ་རག་དང་ བཀྲིས་གཡང་རྩེ་རམ་འཇར་ལ་སོགས་པ་ཚུ་ནང་ གཞིས་བཅགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཏུང་སྡེ་རྒྱུད་པ་ཚུ་གིས་ ལྷོ་ཕྱོགས་དང་ ཤར་ཕྱོགས་བཀྲིས་གཡང་རྩེ་ལས་ མོན་ཏ་ཝང་གི་ ས་མཚམས་ཚུན་ དར་ཁྱབ་འབད་ཡོདཔ་བཞིན་དུ་ ཝང་མ་རྒྱུད་པ་གིས་ སྡེ་རང་ལ་སོགས་པའི་ མོན་ཏ་ཝང་གི་ ས་མཚམས་ཚུ་ནང་ དར་ཁྱབ་འབད་ཡོདཔ་སྦེ་ ལོ་རྒྱུས་ཚུ་ནང་ ཐོན་ནི་འདུག་ཟེར་ ཞུ་ནི་ཨིན།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

འབྲུག་མཉམ་རུབ་ཚོགས་པའི་ གཙོ་འཛིན་འབད་ནི་ལུ་ གྲ་སྒྲིག་ཡོདཔ།

༉ ཌོག་ཊར་བློ་གྲོས་ཚེ་རིང་གིས་ སླབ་མིའི་ནང་ གལ་སྲིད་ འབྲུག་མཉམ་རུབ་ཚོགས་པའི་འཐུས་མི་ཚུ་གིས་ རྒྱབ་སྐྱོར་བྱིན་པ་ཅིན་ ཚོགས་པའི་གཙོ་འཛིན་གྱི་ འགན་འཁྲི་འབག་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས། སྤྱིར་བཏང་ཚོགས་པའི་ཞལ་འཛོམས་ཅིག་ ཤུལ་མའི་ཟླཝ་ནང་ འགོ་འདྲེན་འཐབ་ནིའི་ འཆར་གཞི་ཡོདཔ་ད་ དེ་བསྒང་ ཚོགས་པའི་ཡིག་ཚང་གི་ …

Leave a Reply

Your email address will not be published. Required fields are marked *