བཙག་འཐུ་ལྷན་ཚོགས་ཀྱིས་ རྩོད་རྙོགས་༡༠ གྱི་ གྲོས་ཆོད་བཏོན་ཡོདཔ།

ད་ལྟོ་ འགོ་འདྲེན་འཐབ་བཞིན་དུ་ཡོད་མི་ སྤྱིར་བཏང་བཙག་འཐུའི་དོན་ལུ་ རྫོང་ཁག་མི་སྡེ་བརྡ་བརྒྱུད་ལྟ་རྟོག་པ་༢༠ དང་ རྒྱལ་ཡོངས་མི་སྡེ་བརྡ་བརྒྱུད་ལྟ་རྟོག་པ་༢ བརྩིས་ཏེ་ བརྡ་བརྒྱུད་འདུམ་འགྲིགས་ཡིག་ཚང་གིས་ ཁ་ཙ་ཚུན་ཚོད་ མི་སྡེ་བརྡ་བརྒྱུད་དང་འབྲེལ་བའི་ རྗེས་དཔྱད་འབདཝ་ད་ གདོང་དེབ་ཕེསི་བུག་ནང་ བཀག་དགོ་པའི་ གནད་དོན་༢༢ མཐོང་གསལ་བྱུང་ནུག།

དེ་ཡང་ བཀག་ཆ་འབད་དགོ་པའི་ གནད་དོན་༢༢ ལས་༦ གསལ་བཀོད་པ་གིས་དང་༦ ཕེསི་བུག་དབང་འཛིན་པ་ཚུ་གིས་ བཏོན་བཏང་ཡོདཔ་ད་༡༢ བཏོན་གཏང་ནིའི་དོན་ལུ་ ད་ལྟོ་ བྱ་རིམ་འཐབ་པའི་བསྒང་དང་ རྗེས་དཔྱད་ཐོག་ལུ་ཡོད་ཟེར་ ཁ་ཙ་ཕྱི་རུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལས་ གནས་ཚུལ་གསར་བཏོན་འབད་མིའི་ནང་བཀོད་ནུག།

སྤྱི་ཚོགས་༣ པའི་འགོ་ཐོག་བཙག་འཐུ་སྐབས་ ལྟ་རྟོག་པ་ཚུ་གིས་ ཕེསི་བུག་ནང་ གསལ་བཀོད་འབད་མི་༡༥ བཏོན་གཏང་དགོཔ་ཡོད་པའི་ མངོན་གསལ་བྱུངམ་བཞིན་དུ་ ཁོང་གིས་ བརྡ་དོན་སྤྲོད་མི་དང་འཁྲིལ་ གནད་དོན་༣ མི་སྡེ་བརྡ་བརྒྱུད་ལག་ལེན་པ་ངོ་མ་ཚུ་དང་༤ ཕེསི་བུག་དབང་འཛིན་པ་ཚུ་གིས་ བཏོན་བཏང་ཡོདཔ་མ་ཚད་ གནད་དོན་གཞན་༨ ཕེགསི་བུག་དབང་འཛིན་ལུ་ ཞུ་བ་འབད་ཡོད་རུང་ ད་ལྟོ་ བཏོན་གཏང་མ་ཚུགས་པར་ ལུས་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

མི་སྡེ་བརྡ་བརྒྱུད་ལྟ་རྟོག་པ་༢༠ གིས་ འབྲེལ་ཡོད་འདེམས་ངོ་ཚུ་གི་ ཝི་ཅེཌ་སྡེ་ཚན་སོ་སོ་ཚུ་ནང་ ལྟ་རྟོག་འབད་དོ་ཡོད་རུང་ གནད་དོན་སྣ་ཚོགས་ཀྱི་ཐོག་ལས་ ལག་ལེན་འཐབ་དོ་ཡོདཔ་ལས་ ཝི་ཅེཌ་སྡེ་ཚན་ག་ར་ ལྟ་རྟོག་འབད་ནི་ལུ་ གདོང་ལེན་སྦོམ་འདུག་ཟེར་ཨིན་པས།

དེ་ལས་ ལྷན་ཚོགས་ཀྱིས་ རྩོད་རྙོགས་༡༠ ཐོབ་སྟེ་ བཙག་འཐུའི་རྩོད་རྙོགས་སེལ་ཐབས་ལམ་ལུགས་ཐོག་ལས་ ཁ་ཙ་ཚུན་ཚོད་ གྲོས་ཆོད་བཏོན་ཚར་ཡོདཔ་ད་ རྩོད་རྙོགས་༦ གི་ ཁ་གསལ་ཚུ་ མཐོ་གཏུགས་གནས་ཡུན་དང་ རྩོད་རྙོགས་༤ བརྟག་ཞིབ་ཀྱི་ བྱ་རིམ་ནང་ཡོད་ཟེར་ཨིན་པས།

རྩོད་རྙོགས་དང་པའི་ནང་ སྤ་རོ་ནགས་རྒྱ་ལས་ རྩོད་རྩ་རྩ་རྒས་དང་ དཀར་མདོག་གིས་ འཕྲིན་ལས་དབང་འདུས་དང་ རྡོ་དཀར་-ཤར་པ་འདེམས་ཁོངས་ཀྱི་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ རྣམ་རྒྱལ་ཚེ་རིང་ལུ་ ཁ་ཉེས་བཀལ་མི་དེ་ ཁུངས་གསལ་གྱི་ སྒྲུབ་བྱེད་མི་ལུ་མརྟེན་ བཙག་འཐུ་ལྷན་ཚོགས་ཀྱིས་ རྩོད་རྩ་༢ ལུ་ ཉེན་བརྡ་དང་ རྒྱལ་ཡོངས་ལས་མིའི་ གླ་ཆའི་ཚད་གཞི་ཉུང་ཤོས་ཐོག་ ཉིན་གྲངས་༣༠ གི་ ཉེས་ཆད་བཀལ་ནུག།

ད་རུང་ དཔང་པོ་༢ ཀྱིས་ དབང་འཛིན་དང་ ཉོགས་བཤད་བཙུགས་མི་ཚུ་ལུ་ ངག་བརྗོད་སོ་སོར་བྱིན་མི་ལུ་བརྟེན་ མི་སྡེ་ཆུང་ཀུའི་ནང་ བར་དཀྲོགས་དང་ བྱ་སྟབས་མ་བདེཝ་བཟོ་མི་ལུ་བརྟེན་ ཁོང་༢ ལུ་ཡང་ ཉེན་བརྡ་བྱིན་ནུག།

རྩོད་དོན་༢ པ་དེ་ ཀྲོང་གསར་ནུབ་སྦིས་-སྟང་སི་སྦྱིས་ཀྱི་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཡེ་ཤེས་དཔལ་འབྱོར་གྱིས་ ཝི་ཅེཊ་ནང་ གལ་སྲིད་ འབྲུག་ཕུན་སུམ་ཚོགས་པ་དེ་ གཞུང་སྐྱོང་སྦེ་ བཙག་འཐུ་འབད་བ་ཅིན་ རྒྱ་གར་གྱིས་ འབྲུག་ལུ་ རྒྱབ་སྐྱོར་འབད་ནི་ལུ་ ཐོ་ཕོག་འོང་ཟེར་ བརྡ་འཕྲིན་སྤེལ་མི་ལུ་བརྟེན་ ཡེ་ཤེས་དཔལ་འབྱོར་ལུ་ ཉེན་བརྡ་དང་ ཟླཝ་༢ ཀྱི་ ལས་མིའི་གླ་ཆ་ཚད་གཞི་ཉུང་ཤོས་ཐོག་ ཉེས་ཆད་བཀལ་ཡོདཔ་ད་ ཉོགས་བཤད་དེ་ཡང་ དངོས་གྲུབ་བཟང་པོ་གིས་ སྤྱི་ཟླ་༩ པའི་ཚེས་༡༩ ལུ་ ཀྲོང་གསར་རྫོང་ཁག་བཙག་འཐུ་རྩོད་རྙོགས་སེལ་ཐབས་ལས་སྡེ་ལུ་ བཙུགས་ཡོདཔ་ཨིན་པས།

རྩོད་དོན་༣ པའི་ནང་ པདྨ་དགའ་ཚལ་རྫོང་ཁག་བཙག་འཐུ་རྩོད་རྙོགས་སེལ་ཐབས་ལས་སྡེ་གིས་ མི་ངོ་༣ ལུ་ ཉེན་བརྡ་བྱིན་མི་དེ་ཡང་ འབྲུག་མཉམ་རུབ་ཚོགས་པའི་འཐུས་མི་ འཆི་མེད་རྡོ་རྗེ་གིས་ མི་ངོ་སངས་རྒྱས་ཟེར་མི་གིས་ ཁོ་དང་ མཉམ་རུབ་ཚོགས་པའི་འཐུས་མི་ ངག་དབང་རྡོ་རྗེ་ལུ་ བསད་ནི་ཨིན་ཟེར་ འཇིགས་སྐྲག་སྟོན་ཡོདཔ་སྦེ་ སྤྱི་ཟླ་༩ པའི་ཚེས་༢༥ ལུ་ ཉོགས་བཤད་བཀོད་མི་ལུ་བརྟེན་ཨིན་པས།

ལས་སྡེ་གིས་ ཞིབ་དཔྱད་འབདཝ་ད་ སངས་རྒྱས་དེ་ ཆང་འགྲངས་ཏེ་ སྤྱི་ཚེས་༢༣ ལུ་ ངག་དབང་རྡོ་རྗེ་དེ་ བསད་ནི་གི་ འཇིགས་སྐྲག་སྟོན་ཡོདཔ་ཨིན་རུང་ འཆི་མེད་རྡོ་རྗེ་ལུ་ འཇིགས་སྐྲག་སྟོན་མི་དེ་ ཧམ་བཤད་ཨིན་པའི་ མངོན་གསལ་བྱུང་ནུག།

དེ་འབདཝ་ལས་ ལས་སྡེ་གིས་ འཆི་མེད་རྡོ་རྗེ་དང་ རྡོ་རྗེ་དབང་ཕྱུག་ལུ་ མི་སྡེ་བརྡ་བརྒྱུད་དང་ གནོད་སེམས་ཅན་གྱི་ བརྡ་དོན་སྤེལ་བའི་ ཉེན་བརྡ་འབད་བའི་ཁར་ སངས་རྒྱས་ལུ་ ཆང་འགྲངས་ཏེ་ འཇིགས་སྐྲག་སྟོན་པའི་ ཉེན་བརྡ་འབད་ནུག།

དེ་ལས་ གྲོས་ཆོད་བཏོན་ཚར་མི་ གཞན་ཚུ་གི་གྲས་ཁར་ སྤུ་ན་ཁ་རྫོང་ཁག་གི་ འབྲུག་མཉམ་རུབ་ཚོགས་པའི་ འགོ་འདྲེན་པ་ རྣམ་རྒྱལ་རིན་ཆེན་དང་ བཀྲིས་གཡང་རྩེ་ལུ་ འབྲུག་མཉམ་རུབ་ཚོགས་པའི་ ཐོ་བཀོད་ཅན་གྱི་འཐུས་མི་ བསམ་གཏན་དབང་འདུས་ལུ་ཡང་ ཝི་ཅེཊ་ནང་ བརྡ་འཕྲིན་སྤེལ་བའི་ ཉེན་བརྡ་དང་ ཉེས་ཆད་བཀལ་ཡོདཔ་ཨིན་པས།

བསམ་གྲུབ་ལྗོངས་མཁར་རྫོང་ཁག་རྩོད་རྙོགས་སེལ་ཐབས་ལས་སྡེ་གིས་ མི་ངོ་༣ ལུ་ འཐོར་གཏམ་ཁྱབ་སྤེལ་འབད་བའི་ ཟླཝ་༡ གི་ ལས་མིའི་གླ་ཆའི་ཚད་གཞི་ཉུང་ཤོས་ཐོག་ ཉེས་ཆད་བཀལ་ནུག།

ད་རུང་ སྤྱི་ཟླ་༡༠ པའི་ཚེས་༡༠ ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ པདྨ་དགའ་ཚལ་མཁར་-གཡུ་རུང་གི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཚེ་རིང་ཆོས་སྒྲོན་དེ་ སྐུལ་བསྒྲགས་ཀྱི་ དུས་ཡུན་ལྷག་ལུས་ནང་ སྐུལ་བསྒྲགས་འབད་ནི་ལས་ བཀག་འཛིན་འབད་ཡོདཔ་མ་ཚད་ ཉེན་བརྡ་དང་ ལས་མིའི་གླ་ཆའི་ཚད་གཞི་ཉུང་ཤོས་ཐོག་ ཟླཝ་༢ ཀྱི་ ཉེས་ཆད་བཀལ་མི་དེ་ཡང་ མི་མང་རྩོད་འགྲན་སྐབས་ མི་རྩིས་དང་འབྲེལ་བའི་ དཀའ་ངལ་སེལ་ཐབས་འབད་ནིའི་སྐོར་ སླབ་མི་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་ མི་དབང་མཆོག་གི་ཁྱད་དབང་ དེ་ལས་ བཙག་འཐུའི་བཅའ་ཁྲིམས་ལས་ འགལ་མི་ལུ་བརྟེན་ཨིན་པས།

དེ་ལས་ མི་སེར་དམངས་གཙོ་ཚོགས་པའི་འཐུས་མི་ རྣམ་སྲས་དབང་འདུས་ཀྱིས་ ཝི་ཅེཊ་ནང་ བསམ་བཤད་འབད་མི་ལུ་བརྟེན་ རྫོང་ཁག་རྩོད་རྙོགས་སེལ་ཐབས་ལས་སྡེ་གིས་ ཁོ་ལུ་ ཉེན་བརྡ་དང་ ཟླཝ་༡ གི་ ཉེས་ཆད་བཀལ་མི་དེ་ཡང་ ངང་ལམ་འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཆོས་གྲགས་རྒྱ་མཚོ་གིས་ སྤྱི་ཟླ་༡༠ པའི་ཚེས་༨ ལུ་ ཉོགས་བཤད་བཀོད་པའི་ཤུལ་ལས་ཨིན་པའི་གནས་ཚུལ།

About admin

Check Also

གནས་ཚུལ་མདོར་བསྡུས།

ཧཱ་ལུ་ རྒྱ་གར་གྱི་དམག་སྦྱོང་ལྟེ་བ་ ཨིམ་ཊཱཊ་གིས་ གཞི་བཙུགས་ཀྱི་ཉིནམ་༥༦ པ་ བརྩི་སྲུང་འབད་ཡོདཔ་བཞིན་དུ་ སྤྱི་ཟླ་༡༠ པའི་ཚེས་༡༩ ལས་༢༢ ཚུན་འབད་མི་ དུས་སྟོན་དེ་ ལོ་ངོ་༥༠ འཁོར་བའི་ རྒྱ་འབྲུག་༢ ཀྱི་དོན་གཅོད་མཐུན་ལམ་དང་ …

Leave a Reply

Your email address will not be published. Required fields are marked *