བདེ་སྲུངཔ་ཅིག་ སྒྲིག་གཡོག་ནང་ལས་ ཕྱིར་བཏོན་འབད་ཡོདཔ།

༉ སྤྱི་ཟླ་༡༠ པའི་ཚེས་༡༣ ལུ་ བསམ་གྲུབ་ལྗོངས་མཁར་གྱི་ བདེ་སྲུངཔ་ཅིག་གིས་ ཀུན་སྤྱོད་རྣམ་གཞག་དང་ ཀོ་བིཌ་-༡༩ འི་ ཚད་ལྡན་ལག་ལེན་བྱ་རིམ་ལས་  འགལ་ཡོད་མི་ལུ་བརྟེན་ ས་གནས་ཀྱི་ བདེ་སྲུང་ཡིག་ཚང་གིས་ བདེ་སྲུངཔ་དེ་ སྒྲིག་གཡོག་ནང་ལས་ བཏང་ཡོདཔ་ཨིན་པས།

ཡིག་ཚང་གིས་བྱིན་མི་ ཡི་གུ་དང་འཁྲིལཝ་ད་ སྤྱི་ཚེས་༡༢ ལུ་ བདེ་སྲུངཔ་དེ་ ཉིན་མའི་ཆུ་ཚོད་༣:༤༠ དེ་ཅིག་ཁར་ ཆང་འགྲངས་ཡོདཔ་མ་ཚད་ ཅ་ཆས་ཟུར་བཞག་སའི་ ས་ཁོངས་ནང་ཡང་ འཛུལ་ཡོདཔ་ལས་ ཀོ་བིཌ་-༡༩ འི་ ནང་འདྲེན་དང་ ཕྱིར་ཚོང་གི་ ལག་ལེན་བྱ་རིམ་ལུ་ མ་གནས་པའི་ཁར་ སྒྲིག་གོའི་ནང་ ཆང་འཐུང་སྡོད་ནུག་ཟེར་ཨིན་པས།

ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ཁར་ བདེ་སྲུངཔ་འགོ་བྱེད་ཀྱིས་ ཁོ་ལུ་ འགྲུལ་འཕྲིན་བཏང་སྟེ་ ཡིག་ཚང་ནང་ འབོ་བའི་ཤུལ་ལས་ བདེ་སྲུངཔ་ཚུ་ སྒྲིག་གཡོག་ནང་ སྡོད་པའི་སྐབས་ འབད་ཆོག་མི་ཆོག་སྐོར་ བསླབ་སྟོན་འབདཝ་ད་ བར་ན་ལས་ ལོང་ཡར་སོཔ་ཨིན་པས།

བདེ་སྲུངཔ་འགོ་བྱེད་ ཀརྨ་བློ་གྲོས་ཀྱིས་ སླབ་མིའི་ནང་ བདེ་སྲུངཔ་ཚུ་ སྒྲིག་གཡོག་དང་ སྒྲིག་གོའི་ནང་ སྡོད་པའི་སྐབས་ ཆང་འཐུང་མི་ཆོག་ཟེར་ཨིན་པས།

དེ་བཟུམ་སྦེ་ ཀོ་བིཌ་-༡༩ སྔོན་འགོག་གི་ སྒྲིག་གཞི་ནང་ཡང་ ཅ་ཆས་ཚུ་ སྐྱེལ་འདྲེན་འབད་མི་ རྒྱ་གར་གྱི་ སྣུམ་འཁོར་ཊཱག་ཚུ་གུ་ ལགཔ་མ་འདོགས་པར་ ས་སྟོང་བཞག་དགོཔ་སྦེ་ཡོད་རུང་ བདེ་སྲུངཔ་དེ་གིས་ ཅ་ཆས་བཞག་སའི་ ས་ཁོངས་ནང་ འཛུལ་ཡོདཔ་མ་ཚད་ ཊཱག་གུ་ཡང་ ལགཔ་འདོགས་ཡོདཔ་ལས་ ཁོ་ལུ་ འགྲུལ་འཕྲིན་བཏང་སྟེ་ ཡིག་ཚང་ནང་ འོང་དགོཔ་སྦེ་ སླབ་ཅི་ཟེར་ འགོ་བྱེད་ཀྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ བདེ་སྲུང་ཡིག་ཚང་དང་ འབྲེལ་ཡོད་དབང་འཛིན་ཚུ་གིས་ བདེ་སྲུངཔ་དེ་གིས་ ཊཱག་གུ་ ལགཔ་འདོགས་འདོགསཔ་ མེདཔ་མ་ཚད་ ལགཔ་ཆུ་འཁྱུ་ཡི་ཟེར་ སླབ་ནི་དེ་གིས་ ཟུར་བཞག་ནང་ མ་བཞག་ཟེར་ཨིནམ་ད་ ལོ་རྒྱུས་དང་འཁྲིལཝ་ད་ ཁོ་གིས་ ལགཔ་འདོགས་མི་གིས་ཚད་པར་ ཊཱག་གུ་ཡང་ འཛེགས་ནུག་ཟེར་ཨིན་པས།

ཀརྨ་བློ་གྲོས་ཀྱིས་ བདེ་སྲུངཔ་དེ་ འགོ་དང་པ་ སྒྲིག་གཡོག་རྒྱུག་དོ་ཡོདཔ་ལས་ ཡིག་ཚང་ནང་ འབོ་ཞིནམ་ལས་ འབད་ཆོག་མི་ཆོག་གི་ བསླབ་སྟོན་བྱིན་ཡོད་རུང་ ཙིགཔ་ཟ་སྟེ་ ཁེན་འཇར་འཕུད་སྦེ་ བར་ན་ལས་ ལོང་འགྱོཝ་ད་ ཁྲོམ་ཁར་བཤལ་མ་སྡོད་པར་ ཁྱིམ་ནང་འགྱོ་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།

ཁོ་གིས་ ཁྱིམ་ནང་མ་འགྱོ་བར་ ཁྲོམ་ཁར་ཆང་ཁང་ཅིག་ནང་ སྒྲིག་གོའི་ནང་ར་ ཆང་འཐུང་སྡོད་སར་མཐོངམ་ལས་ ཁྱིམ་ནང་བཏང་ཡི་ཟེར་ཨིནམ་ད་ དེ་གི་ནངས་པར་ འགྲུལ་འཕྲིན་ག་དེམ་ཅིག་བཏང་རུང་ འཐུ་མ་བཏུབ་པའི་ཁར་ མཐའན་མཇུག་ལུ་ འགྲུལ་འཕྲིན་འཐུཝ་ད་ ཡིག་ཚང་ནང་ འོང་དགོཔ་སྦེ་ སླབ་པའི་སྐབས་ ག་ཅི་སྦེ་ འོང་དགོཔ་སྨོ་ཟེར་ སླབ་དེས་ཟེར་ཨིན་པས།

དེ་འབདཝ་ལས་ ཡིག་ཚང་གིས་ བདེ་སྲུངཔ་དེ་ སྒྲིག་གཡོག་ནང་ འོང་མ་དགོ་པའི་ ཡི་གུ་སྤྲོད་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *