བདེ་ཆེན་ཆོས་གླིང་ལུ་ བྱང་སྟོར་ཤོར་མི་བུམོ་ཅུང་གི་ ཕུངམ་ཐོབ་ཡོདཔ།

༉ ཐིམ་ཕུག་བདེ་ཆེན་ཆོས་གླིང་ལུ་ སྐྱེས་ལོ་༩ ལང་མི་ བུམོ་ཅུང་ཅིག་ བྱང་སྟོར་ཤོར་མིའི་ཕུངམ་དེ་ ཁ་ཙ་དྲོ་པ་ གདང་རས་ནང་གི་ རོང་ཆུའི་ཉེ་འདབས་ལུ་ བྱག་ཕུག་ཅིག་གི་རྩ་བ་ལས་ ཐོབ་ཡོདཔ་ཨིན་པས།
ཕུངམ་ཐོབ་སའི་ས་ཁོངས་དེ་ནང་ སྟོང་ཕུག་ཤིང་ཚུ་གིས་གང་ཡོད་རུང་ ཧེ་མ་ལས་ མི་འགྱོ་བའི་ཤུལ་ཚུ་ཡང་ ཡོདཔ་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༩ ལས་ བྱང་སྟོར་ཤོར་མི་བུམོ་དེ་ ཁ་ཙ་དྲོ་པ་ མོ་ར་བདེ་ཆེན་ཆོས་གླིང་འབྲིང་རིམ་སློབ་གྲྭ་བར་མའི་ ཨམ་སྲུ་སློབ་དཔོན་ཅིག་གིས་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ཁར་ ས་ཁོངས་དེ་ནང་ གཞན་དང་གཅིག་ཁར་ འཚོལ་བར་འགྱོཝ་ད་ མཐོང་ཡོདཔ་ཨིན་པས།
སློབ་དཔོན་དེ་གིས་ སླབ་མིའི་ནང་ སྤྱི་ཟླ་༡༢ པའི་ཚེས་༡༠ ལུ་ བུམོ་བྱང་སྟོར་ཤོར་ཡོད་པའི་སྐོར་ལས་ ལོ་རྒྱུས་གོ་སྟེ་ ས་ཁོངས་དེ་ནང་ སློབ་དཔོན་དང་ཉེ་ཚན་ དེ་ལས་ ཉེ་འདབས་ལུ་སྡོད་མི་ཚུ་གིས་ འཚོལ་ནི་འགོ་བཙུགས་ཡི་ཟེར་ཨིན་པས།
སློབ་གྲྭའི་དབུ་འཛིན་ལས་ སློབ་ཕྲུག་བྱང་སྟོར་ཤོར་ཡོད་པའི་སྐོར་ལས་ བརྡ་ལན་ཐོབ་པའི་ཤུལ་ལུ་ དེ་ཚེ་ ཉིན་མའི་ཆུ་ཚོད་༡ དེ་ཅིག་ཁར་ སློབ་གྲྭའི་ས་ཁོངས་ནང་འཛོམས་ཏེ་ འཚོལ་ནི་འགོ་བཙུགས་ཏེ་ ཁ་ཙ་ དྲོ་པའི་ཆུ་ཚོད་༢ ཚུན་ འཚོལ་ཞིབ་འབད་ཡི་ཟེར་ མོ་གིས་ བཤདཔ་ཨིན་པས།
དྲོ་པའི་ཆུ་ཚོད་༨ ལས་ འཕྲོ་མཐུད་འཚོལ་བར་འགྱོཝ་ད་ ཕུངམ་མཐོང་ས་ལུ་ ཕྱགས་སྙིགས་སྤུངས་བཞག་བཞགཔ་བཟུམ་མཐོང་སྟེ་ ལེགས་ཤོམ་སྦེ་ལྟཝ་ད་ བུམོ་གི་རྐངམ་ཅིག་ བྱང་ཕུག་གི་རྡོའི་འོག་ལས་ མཐོང་ཡི་ཟེར་ཨིན་པས།
དེ་གི་ཤུལ་ལས་ ས་ཁོངས་ནང་ཡོད་མི་ ཁྲིམས་སྲུང་འགག་པ་ལུ་སླབ་སྟེ་ ལྟ་བའི་བསྒང་ལས་ བྱང་སྟོར་ཤོར་མི་ བུམོ་དེ་ཨིན་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།
མོ་གིས་སླབ་མིའི་ནང་ ཕུངམ་མཐོང་སའི་ས་ཁོངས་ནང་ ཉིནམ་དེ་གི་ཧེ་མར་ འཚོལ་ཞིབ་འབད་བའི་སྐབས་ ག་ནི་ཡང་མ་མཐོང་ཟེར་ ཨིན་པས།
བྱ་ངན་བྱུང་བའི་སྐབས་ གདང་རས་ནང་ལུ་ ཨ་ལུ་རྩེདམོ་རྩེ་ས་བཟོ་སྐྲུན་འབད་སའི་ས་ཁོངས་ནང་ ལཱ་འབད་མི་ཨའི་གིས་ དྲོ་པའི་ཆུ་ཚོད་ཕྱེད་དང་༡༡ དེ་ཅིག་ཁར་ ཚེ་འདས་བུམོ་ཅུང་དེ་ ཁྱིམ་ནང་ལས་ དངུལ་ཁང་གི་རྩིས་དེབ་ ལེན་པར་བཏང་པའི་ཤུལ་ལས་ བུམོ་དེ་ ཁྱིམ་ནང་མ་ལྷོདཔ་ཨིན་པས།
དེ་ཚེ་ཕྱི་རུ་ བུམོ་དེ་ ཁྱིམ་ནང་མ་ལྷོདཔ་ལས་ ཨའི་དང་ཉེ་ཚན་ཚུ་གིས་ ཁྱིམ་ཚང་གི་ཁྱིམ་ཚུ་ནང་འཚོལ་རུང་ འཚོལ་མ་ཐོབ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཚེ་འདས་བུམོ་དེ་ སྤུན་ཆ་ཨ་ལུ་༣ ཡོད་མི་ལས་ སྦོམ་ཤོས་ཨིནམ་ད་ མོ་ར་ ཨའི་རྐྱངམ་གཅིག་གིས་ གསོ་དོ་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་དང་འཁྲིལཝ་ད་ ཚེ་འདས་ཀྱི་ ཟ་ལྟབ་གཡསཔ་དང་ སྐེདཔ་ བརླད་དོ་ དེ་ལས་ གཟུགས་སྨད་ཚུ་ སེམས་ཅན་ཚུ་གིས་ ཟ་ནུག་ཟེར་ཨིན་པས།
གཟུགས་ཁར་གྱོན་མི་དོརམ་དེ་ཡང་ སེམས་ཅན་གྱིས་ ཟ་མི་ཚུ་ནང་རྐྱངམ་གཅིག་ ཧྲལ་བཏང་ནུག་ཟེར་ཨིནམ་ད་ ཁྱིམ་གྱི་ལྡེ་མིག་དེ་ཡང་ དོརམ་ནང་ན་ར་ འདུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་མདོ་འཛིན་ འཆི་མེད་རྡོ་རྗེ་གིས་ བཤད་མིའི་ནང་ ད་ལྟོ་སྐབས་ཅིག་ ཚེ་འདས་ལུ་ དབང་བཙོང་ལུས་འབྲེལ་འབད་བའི་ དོགས་པ་མེད་ཟེར་ཨིན་པས།
ཨིན་རུང་ ཁོ་གིས་བཤད་མིའི་ནང་ ཚན་རིག་བརྟག་དཔྱད་འབདཝ་ད་ ཤེས་ཚུགས་ཟེར་ཨིནམ་ད་ ཁོང་གིས་ ཞིབ་དཔྱད་འཕྲོ་མཐུད་འབད་འོང་ཟེར་ཨིན་པས།
རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཚན་རིག་བརྟག་དཔྱད་འབད་མི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གཟུགས་ཁར་ ཐིག་ལེ་གི་ཤུལ་ཡོད་མེད་བལྟ་ནིའི་དོན་ལུ་ དཔྱེ་ཚད་ཚུ་ ལེན་ཏེ་ཡོད་ཟེར་ཨིན་པས།
མདོ་འཛིན་གྱིས་འབད་བ་ཅིན་ ཨོལ་ལྐོག་ཁར་ སེམས་ཅན་གྱི་མཆེཝ་གི་ཤུལ་ཚུ་ཡང་ཡོདཔ་ལས་ རི་དྭགས་སེམས་ཅན་གྱིས་ བསད་པའི་དོགས་པ་ཡོད་རུང་ ད་ལྟོ་ གཏན་འཁེལ་སྦེ་ སླབ་མི་ཤེས་པས་ཟེར་ཨིན་པས།
ཨིན་རུང་ དོགས་པ་སྦོམ་ཤོས་དེ་ འཁོར་ལམ་བདའ་འགྱོ་མི་བུམོ་དེ་ ག་དེ་སྦེ་ ས་ཁོངས་དེ་ནང་ ལྷོད་ལྷོདཔ་ཨིན་ན་ མི་ཤེས་དོ་ཡོདཔ་ད་ ཕུངམ་མཐོང་ས་དེ་ འཁོར་ལམ་ལས་ མི་ཊར་༢༠༠ དེ་ཅིག་གི་ ས་ཁར་ཨིན་པས།
ང་བཅས་ཀྱིས་ བྱ་ངན་དེ་ལུ་ ཞིབ་འཚོལ་ཚུ་ ཚུལ་བཞིན་འབད་འོང་ཟེར་ མདོ་འཛིན་གྱིས་བཤད་ཡོདཔ་ད་ ཁྲིམས་སྲུང་འགག་སྡེ་གིས་ ནགས་ཚལ་ལས་ཁུངས་ལས་ རི་དྭགས་སེམས་ཅན་དང་ རོ་ཁྱི་གིས་ གནོདཔ་བཀལ་ཡོདཔ་ཨིན་ན་ བལྟ་ནིའི་དོན་ལུ་ གྲོགས་རམ་ལེན་ནི་ཨིན་པས།
ཁོང་གིས་ གྲོགས་རམ་ལེན་ཏེ་ ས་ཁོངས་དེ་ནང་ པར་ཆས་ཀེམ་ར་ཚུ་བཙུགས་ཏེ་ བལྟ་ནི་ཨིནམ་ད་ ས་ཁོངས་དེ་ནང་སྡོད་མི་ཚུ་ལུ་ ཚེ་འདས་ཀྱི་ སེམས་ཁམས་གནས་སྟངས་སྐོར་ལས་ཡང་ དྲི་དཔྱད་འབད་ནི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ས་ཁོངས་དེ་ནང་ བྲེལ་ཟིང་ལང་པའི་ ཤུལ་མིན་འདུག་ཟེར་ཨིནམ་ད་ མདོ་འཛིན་གྱིས་སླབ་མིའི་ནང་ འཚོལ་མི་ཚུ་གིས་ སྤྱི་ཟླ་༡༢ པའི་ཚེས་༡༠ ལུ་ཡང་ ས་ཁོངས་དེ་ནང་ འཚོལ་ཡོད་རུང་ ལེགས་ཤོམ་སྦེ་ མ་བལྟཝ་འོང་ནི་མས་ཟེར་ཨིནམ་ད་ ཕུངམ་དེ་ འཇམ་ཏོང་ཏོ་སྦེ་ མཐོང་སར་མིན་འདུག་ཟེར་ཨིན་པས།
ཕུངམ་དེ་ ཁ་ཙ་ ཚེ་འདས་ཀྱི་ཨའི་དང་ ཉེ་ཚན་ཚུ་ལུ་ རྩིས་སྤྲོད་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ རྒྱ་གར་གྱི་ མི་སྡེ་གིས་ རྒྱ་གར་གཞུང་ཚབ་ལས་ཁང་ནང་སྦེ་ མི་སེར་རང་དབང་གི་ཉིནམ་ ཐེངས་༧༡ པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྒྱལ་པོའི་གཟིམ་དཔོན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *