བདུན་ཕྲག་༢ ནང་ མི་༥ གིས་ རང་སྲོག་བཅད་ཡོདཔ།

༉ འདས་པའི་ཟླཝ་དག་པ་ཅིག་གི་རིང་ ཐིམ་ཕུག་ལུ་ རང་སྲོག་བཅད་མི་ ལེ་ཤ་ཐོན་ཡོད་རུང་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ ཤེས་མ་ཚུགསཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༨ པ་ལས་ ཟླ་༩ པའི་ཚེས་༢༥ ཚུན་ མི་༦ གིས་ རང་སྲོག་བཅད་མི་ཚུ་ཡང་ ལ་ལོ་ཅིག་གིས་ ཉིན་བསྟར་བཞིན་དུ་ རང་སྲོག་བཅད་ཡོདཔ་ཨིན་པས།

ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གསོ་བའི་ཚན་རིག་བརྟག་དཔྱད་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འདས་པའི་བདུན་ཕྲག་ནང་ རང་སྲོག་བཅད་མིའི་གནད་དོན་ཁག་༣ ཐོན་ཡོདཔ་བཞིན་དུ་ བདུན་ཕྲག་འདི་ནང་ ཁག་༢ ཐོན་ཡི་ཟེར་ཨིན་པས།

སྨན་ཁང་གི་ ཐོ་དང་འཁྲིལཝ་ད་ སྤྱི་ཟླ་༨ པའི་ཚེས་༣༠ ལུ་ སྐྱེས་ལོ་༣༥ འབད་མི་ ཨམ་སྲུ་ཅིག་གིས་ རང་སྲོག་བཅད་ཡོདཔ་ད་ ཆུ་བར་ཆུ་ལུ་སྡོད་མི་ ཨམ་སྲུ་དེ་ དེ་ཚེ་ནུབ་མོར་ མོ་རའི་རྨགཔ་དང་གཅིག་ཁར་ ཁ་ཤགས་རྐྱབ་པའི་ཤུལ་ལུ་ ཁྱིམ་ནང་ལས་ ཐོན་སོང་སྟེ་ ཤིང་གུ་ལས་མར་ ཨོལ་ལྐོག་དཔྱངས་ཏེ་ རང་སྲོག་བཅད་ནུག་ཟེར་ཨིན་པས།

སྤྱི་ཟླ་༩ པའི་ཚེས་༡༧ ལུ་ སྐྱེས་ལོ་༢༧ ལང་མི་ ཕོ་སྐྱེས་ཅིག་གིས་ རྡོ་སྐྱོང་ལ་འགྱོ་སའི་ ལམ་བདའ་སྟེ་ རང་སྲོག་བཅད་ཡོདཔ་ད་ ཚེས་༡༨ ལུ་ སྐྱེས་ལོ་༤༣ ལང་མི་ ཕོ་སྐྱེས་ཅིག་གིས་ རམ་ཏོག་ཏོ་ལུ་སྦེ་ རང་སྲོག་བཅད་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྤྱི་ཟླ་༩ པའི་ཚེས་༡༦ ལུ་ ལྕང་སྒང་ཁ་ལུ་ སྐྱེས་ལོ་༢༨ འབད་མི་ ཨམ་སྲུ་ཅིག་གིས་ རང་སྲོག་བཅད་ནིའི་ དཔའ་བཅམ་ཡོདཔ་ད་ མོ་གིས་ ཧེ་མ་ཡང་ ལན་ཐེངས་༧ དེ་ཅིག་ རང་སྲོག་བཅད་ནིའི་ དཔའ་བཅམ་ནུག་ཟེར་ཨིན་པས།

སྤྱི་ཟླ་༩ པའི་ཚེས་༡༩ ལུ་ ཐིམ་ཕུག་ཚོད་བསྲེ་ཁྲོམ་གྱི་ ས་ཁོངས་ནང་ སྐྱེས་ལོ་༢༤ ལང་མི་ ཕོ་སྐྱེས་ཅིག་གིས་ཡང་ ཨོལ་ལྐོག་གུ་ལས་ ཐགཔ་བཏགས་ཏེ་ རང་སྲོག་བཅད་ནུག།

སྤྱི་ཟླ་༩ པའི་ཚེས་༢༣ ལུ་ སྐྱེས་ལོ་༢༥ འབད་མི་ ཨམ་སྲུ་ཅིག་གིས་ བར་སྦིས་ས་ལུ་ ཨོལ་ལྐོག་གུ་ལས་ ཐགཔ་བཏགས་ཏེ་ རང་སྲོག་བཅད་ཡོདཔ་ད་ ཚེས་༢༤ ལུ་ སྐྱེས་ལོ་༣༩ འབད་མི་ ཕོ་སྐྱེས་ཅིག་གིས་ རང་ལྕེབས་ཏེ་ ཤི་ཡོདཔ་ཨིན་པས།

རང་སྲོག་བཅད་པའི་ གནད་དོན་ཚུ་ལུ་ བརྟག་དཔྱད་ཡང་ ཚེ་འདས་ཚུ་གི་ ནང་མི་ཚུ་ལུ་ དྲི་དཔྱད་འབད་ཐོག་ལས་ འབད་དགོཔ་ལས་ གནད་དོན་ངོ་མ་ ག་ཅི་ལུ་བརྟེན་ཏེ་ཨིན་ན་ ཤེས་མ་ཚུགས་རུང་ མང་ཤོས་ཅིག་ གཉེན་འབྲེལ་ལུ་བརྟེན་པའི་ གནད་དོན་དང་ ལ་ལོ་ཅིག་ སེམས་ཁམས་ཀྱི་གནད་དོན་ལུ་བརྟེན་ བྱུངམ་ཨིན་མས་ཟེར་ གསོ་བའི་ལས་བྱེདཔ་ཚུ་གིས་ སླབ་ཨིན་པས།

རང་སྲོག་བཅད་མི་ཚུ་གི་གྲས་ལས་༡ གིས་ ཁོ་རའི་གནས་ཚང་དེ་ ཕོ་སྐྱེས་གཞན་དང་གཅིག་ཁར་ སོང་མི་ལུ་བརྟེན་ཏེ་ རང་སྲོག་བཅད་ཡོདཔ་སྦེ་ ཡི་གུ་བྲིས་བཞག་ཡོདཔ་ད་ གཞན་ཅིག་གིས་ ཁོ་རའི་གནས་ཚང་དང་ འཐབ་འཛིང་འབད་བའི་ཤུལ་ལུ་ གནས་ཚང་གུ་ གྱི་ཅུང་གིས་བརྫམས་ཐོག་ལས་ བྱོག་སོང་སྟེ་ རང་སྲོག་བཅད་ནུག་ཟེར་ཨིན་པས།

གསོ་བའི་འགོ་དཔོན་ཚུ་གིས་ ཨ་རྟག་འབད་བ་ཅིན་ ལོ་གཅིག་ནང་ གནད་དོན་༡༡ དང་༡༢ དེ་རེ་མ་གཏོགས་ འཐོན་ནི་མེད་རུང་ དུས་ཅི་གི་ལོ་ནང་ གནད་དོན་དེ་ ཧ་ལས་སི་སི་ཅིག་ ཨིན་མས་ཟེར་ བཤདཔ་ཨིན་པས།

དེ་མ་ཚད་ གནད་དོན་དེ་ ད་ལས་ཕར་ ག་དེ་སྦེ་འགྱོ་འོང་ག་ཡང་ སླབ་མི་ཤེས་པས་ཟེར་ཨིནམ་ད་ དུས་ཅི་ སྤྱི་ཟླ་༡ པ་ལས་འགོ་བཙུགས་ ད་ལྟོ་ཚུན་ གནད་དོན་ཁག་༡༢ ཐོན་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *