བཅའ་ཁྲིམས་མེད་པ་ཅིན་ དཔྱད་ཡིག་རྐྱངམ་གཅིག་གིས་ འབད་ཐབས་མེདཔ།

༉ སྤྱི་ལོ་༢༠༠༣ ལུ་ ཐིམ་ཕུག་ལུང་གཤོང་འདི་ འབྱ་ཞིང་ཚུ་གིས་ ཁྱབ་ཡོད་པའི་སྐབས་ལུ་ ང་བཅས་རའི་ འཆར་གཞི་རྩམ་མི་ཚུ་གིས་ རྒྱལ་ས་ལྟེ་བའི་ཁྲོམ་ གོང་འཕེལ་གཏང་ནིའི་དོན་ལུ་ དོན་སྨིན་ཅན་གྱི་ འཆར་སྣང་ཡོད་དེ་འབད་རུང་ མི་མང་གི་ གཞི་རྟེན་མཐུན་རྐྱེན་ཚུ་ བཟོ་སྐྲུན་འབད་ནིའི་དོན་ལུ་ སའི་ཇོ་བདག་ཚུ་གིས་ སྤྱི་དོན་ལུ་ སྒེར་ས་བྱིན་དགོཔ་འབདཝ་ད་ ལ་ལོ་ཅིག་གིས་ ཁ་བཟེད་རུང་ གཞན་མི་ཚུ་གིས་ ངོས་ལེན་འབད་མ་བཏུབ་པའི་ དཀའ་ངལ་བྱུང་ནུག།

སྒེར་ས་བྱིན་ནི་ལུ་ ཁ་བཟེད་མི་ཚུ་ཡང་ མང་ཤོས་ར་ སོ་ནམ་ཞིང་པ་ཚུ་ཨིན་རུང་ ངོས་ལེན་འབད་མ་བཏུབ་མི་ བློ་རིག་ཅན་ཚུ་གིས་ སའི་གནས་གོང་དང་ འཆར་གཞིའི་ལམ་ལུགས་ཚུ་ནང་ སྐྱོན་ཞུགས་ཡོད་པའི་ ཤེས་རྟོགས་བྱུང་ནི་དེ་གིས་ཨིན་མས།

དེ་བསྒང་ ཁྲོམ་སྡེ་ལས་འཛིན་མ་ཚད་ འབྲེལ་གཏོགས་ལྷན་ཁག་ངོ་མ་ ཞབས་ཏོག་ལྷན་ཁག་ལུ་ཡང་ ཁྲིམས་མཐུན་སྒྲུབ་བྱེད་ཚུ་མེད་པ་ལུ་བརྟེན་ ཐིམ་ཕུག་གི་ སྡོད་ཁྱིམ་པ་༦ གིས་ སྤྱི་དོན་ལུ་ སྒེར་ས་སྤྱོད་ནིའི་གནད་དོན་ ཁྲིམས་འདུན་ལུ་ བཙུགས་ཡོདཔ་བཞིན་དུ་ ཆེ་མཐོ་ཁྲིམས་འདུན་གྱིས་འབད་རུང་ གནད་དོན་དེ་ ཁྲིམས་ལས་འགལ་བ་ཨིནམ་སྦེ་ བརྩི་འཇོག་འབད་ནུག།

དེ་གི་ཤུལ་ལས་ ཁྲོམ་སྡེ་གོང་འཕེལ་གྱི་ འཆར་གཞི་རྩམ་མི་ཚུ་གིས་ ཐིམ་ཕུག་བཟོ་བཀོད་འཆར་གཞི་༢༠༠༢-༢༠༢༧ ཅན་མ་ ལག་ལེན་འཐབ་ནིའི་དོན་ལུ་ བཅའ་ཁྲིམས་ཅིག་ ངེས་པར་དུ་ བཟོ་དགོཔ་སྦེ་ཨིནམ་ད་ དེ་ཡང་ བཅའ་ཁྲིམས་མེད་པ་ཅིན་ མི་ཕྱུགཔོ་དང་ དབང་ཚད་ཡོད་མི་ཚུ་གིས་ ཁྲོམ་གྱི་འཆར་གཞི་ལུ་ གནས་མ་བཏུབ་ནི་དེ་གིས་ཨིན་མས།

ཧ་ལམ་ ལོ་ངོ་བཅུ་ཕྲག་༢ དེ་ཅིག་ལང་རུང་ ང་བཅས་ཆ་ཁྱབ་ གནད་དོན་འདི་གུ་ར་ བློ་སླབ་སྟེ་ཡོདཔ་བཞིན་དུ་ ད་རེས་ རྒྱལ་ས་ལྟེ་བའི་ཁྲོམ་འདི་ མང་ཤོས་ཅིག་གིས་ མནོ་དོ་བཟུམ་སྦེ་ར་ ལེགས་ལྡན་འགྱོ་མ་བཏུབ་པར་འདུག།

ཐིམ་ཁྲོམ་གྱི་ འཆར་གཞི་ཨམ་དེ་ སྲིད་བྱུས་ལག་ལེན་ནང་ འཐུས་ཤོར་བྱུང་ཡོད་པའི་ དཔེ་སྟོན་ཅིག་ཨིནམ་ལས་ གྲུབ་འབྲས་འཐོན་མ་ཚུགས་པར་ ཡིག་ཐོག་ལུ་ ལུས་སོ་ནུག།

ཞབས་ཏོག་ལྷན་ཁག་གིས་ སྤྱི་ལོ་༢༠༡༥ ལུ་ ས་གནས་འཆར་གཞི་གི་ དཔྱད་ཡིག་ཅིག་ ཟིན་བྲིས་བཏབ་མི་དེ་གིས་ ཁྲོམ་སྡེ་གོང་འཕེལ་གྱི་ ལམ་སྟོན་བྱིན་ནི་དང་ རང་བཞིན་རྐྱེན་ངན་ཚུ་ སྔོན་འགོག་འབད་ནིའི་དོན་ལུ་ཨིན་མས།

ཨིན་རུང་ དཔྱད་ཡིག་དེ་ བཅའ་ཁྲིམས་བཟོ་ནིའི་དོན་ལུ་ སྤྱི་ཚོགས་ནང་ མ་བཙུགས་པར་བཞག་ཡོདཔ་ད་ གལ་སྲིད་ བཅའ་ཁྲིམས་ཅིག་སྦེ་ བཟོ་ཚུགས་པ་ཅིན་ འཆར་གཞི་རྩམ་མི་ཚུ་གིས་ འཆར་སྣང་དང་འཁྲིལ་ཏེ་ ངེས་ཏིག་ལག་ལེན་འཐབ་ཚུགས་ནིའི་ ཕན་ཁྱད་འདུག།

བཅའ་ཁྲིམས་མེད་པ་ཅིན་ སའི་ཇོ་བདག་ཚུ་གིས་ འཆར་གཞི་ལུ་ ཚུལ་མཐུན་གནས་མ་བཏུབ་པའི་ཁར་ ཐ་ན་ སྤྱི་དོན་ལུ་ སྒེར་ས་སྤྱོད་ནིའི་ ཐབས་བྱུས་བཏོན་མི་དེ་ལུ་ ངོས་ལེན་མ་འབད་མི་དེ་ཡང་ རྒྱལ་ས་ལྟེ་བ་ལུ་ ས་དཀོན་དྲགས་དང་ གནས་གོང་མཐོ་དྲགས་ དེ་ལས་ ཁྲོམ་སྡེ་འཆར་གཞི་ཚུ་ནང་ སྐྱོན་ཞུགས་ཡོད་པའི་ ཤེས་རྟོགས་བྱུང་ནི་དེ་གིས་ཨིན་མས།

བཅའ་ཁྲིམས་མེད་པ་ཅིན་ ཁྲོམ་སྡེ་དང་ ལྷན་ཁག་གིས་ འབད་ཐབས་ག་ནི་ཡང་མེདཔ་ད་ སོ་ནམ་ཞིང་པ་ཚུ་གི་ཐད་ཁར་ གཞུང་(འཆར་གཞི་རྩམ་མི་)ལུ་ ཡིད་ཆེས་བསྐྱེད་དེ་ར་ སྡོད་ནི་ཨིན་མས།

རྒྱུ་མཚན་འདི་ལུ་བརྟེན་ ང་བཅས་རའི་ གྲོས་ཐག་བཅད་མི་ཚུ་གིས་ ས་གནས་འཆར་གཞི་དཔྱད་ཡིག་དེ་ འཕྲལ་མཁོའི་དཔྱད་ཡིག་ཅིག་སྦེ་ ཆ་གནས་འབད་དགོཔ་འདུག།

འདི་བཟུམ་མའི་ དཔྱད་ཡིག་དེ་ གཙོ་རིམ་ཅན་ཅིག་ཨིནམ་ལས་ འཆར་གཞི་རྩམ་མི་ཚུ་གིས་ ཁོང་རའི་ ནང་འཁོད་གྲོས་ཐག་བཅད་མི་ཚུ་ ལག་ལེན་འཐབ་པའི་ནམ་དུས་ལུ་ ཁྲིམས་ཀྱི་རྒྱབ་རྟེན་མིན་འདུག་ཟེར་ བཀག་ཆ་འབད་དགོ་པའི་ འོས་ལྡན་རྒྱུ་མཚན་ཅིག་ མེདཔ་བཞིན་དུ་ སྤྱི་རུབ་ཐོག་ལས་ མཉམ་འབྲེལ་དང་ རྒྱབ་སྐྱོར་འབད་དགོཔ་འདུག།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *