བཀྲིས་སྒང་དང་ བཀྲིས་གཡང་རྩེ་རྫོང་ཁག་གིས་ ནད་ཡམས་སྔོན་འགོག་གི་ཐབས་ལམ་ཚུ་ གྲ་སྒྲིག་ཡོདཔ།

༉ རྒྱལ་ཁབ་ནང་འཁོད་ལུ་ ནད་ཡམས་ཀོ་བིཌ་༡༩ ཁྱབ་སྤེལ་འགྱོ་བ་ཅིན་ ཤར་ཕྱོགས་རྫོང་ཁག་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལུ་ སྔོན་འགོག་གི་ཐབས་ལམ་ཚུ་ གྲ་སྒྲིག་ཡོདཔ་ཨིན་པས།

དེ་ཡང་ རྫོང་ཁག་༢ ཆ་རའི་ནང་ བཟའ་འཐུང་གི་རིགས་དང་ དགོས་མཁོའི་ཅ་ཆས་ཚུ་ ག་གིས་བགོ་བཀྲམ་འབད་ནི་ཨིན་ན་དང་ ནད་ཡམས་ངོས་འཛིན་དང་ བཀག་ཐབས་ཀྱི་ཐབས་ལམ་ཚུ་ བཏོན་ཡོདཔ་ཨིན་པས།

བཀྲིས་སྒང་རྫོང་ཁག་ནང་འབད་བ་ཅིན་ ནད་ཡམས་བཀག་ཐབས་འགོ་དཔོན་ རྫོང་བདག་གིས་ འཛིན་སྐྱོང་དང་འབྲེལ་བའི་ འགན་ཁུར་ཚུ་འབག་དགོཔ་སྦེ་ འཆར་གཞི་ནང་བཙུགས་ཡོདཔ་ད་ ཁོ་གི་འོག་ལས་ རང་ར་སོ་སོའི་ འགན་ཁུར་འབག་མི་དང་ གཞན་དང་འབྲེལ་བ་འཐབ་མི་ ཅ་ཆས་བགོ་བཀྲམ་འབད་མི་ དེ་ལས་ སྲུང་སྐྱོབ་དང་སྨན་བཅོས་ཀྱི་འགོ་དཔོན་ དེ་བཟུམ་སྦེ་ འཆར་གཞི་དང་དངུལ་འབྲེལ་གྱི་ འགོ་དཔོན་ཚུ་བརྩིས་ཏེ་ མི་ངོམ་༥ ངོས་འཛིན་འབད་དེ་འདུག།

དེ་མ་ཚད་ འགོ་དཔོན་ཚུ་གིས་ རང་སོའི་ འགན་འཁྲི་ག་ཅི་འབག་དགོཔ་ཨིན་ན་ཚུ་ཡང་ གསལ་སྟོན་འབད་བའི་ཁར་ རྫོང་ཁག་ནང་འཁོད་ལུ་ ནད་གཞི་ཁྱབ་སྤེལ་འགྱོ་བ་ཅིན་ ག་དེ་སྦེ་ བཀག་ཐབས་འབད་ནི་ཨིན་ན་ཚུ་ཡང་ བཀོད་ཡོདཔ་ཨིན་པས།

རྫོང་ཁག་ནང་ གློ་བུར་དུ་ ནད་གཞིའི་བྱུང་རྐྱེན་གྱི་སྐོར་ལས་ བརྡ་སྤེལ་མི་དང་ ཐག་གཅད་ནིའི་དབང་ཚད་དེ་ ནད་གཞིའི་བྱུང་རྐྱེན་སྡེ་ཚན་ལུ་ཡོད་ཟེར་ འཆར་གཞི་ནང་བཀོད་ཡོདཔ་ད་ སྡེ་ཚན་གྱིས་ བཀོད་རྒྱ་བྱིན་ནི་དང་ ཉམས་འབྲེལ་འབད་ནི་ དེ་ལས་ ནད་གཞི་བཀག་ཐབས་འབད་ནིའི་ དབང་ཚད་ཡོད་ཟེར་ཨིན་པས།

གལ་སྲིད་ ནང་འཁོད་ལུ་ ནད་གཞི་ཁྱབ་སྤེལ་འགྱོ་བ་ཅིན་ ནད་གཞི་ལྟ་རྟོག་སྡེ་ཚན་གྱིས་ ག་ཏེ་ལས་ ངོས་འཛིན་འབད་ཡོདཔ་ཨིན་ན་དང་ ག་དང་གཅིག་ཁར་ འབྲེལ་བ་འཐབ་ཡོདཔ་ཨིན་ནའི་ འགན་ཁུར་སྤྲོད་ཡོད་པའི་ཁར་ དཔེ་ཚད་ཚུ་ སྐྱེལ་འདྲེན་དང་ སྒམ་རྐྱབ་ནི་ཚུ་ ག་ལུ་འགན་ཁུར་ཕོགཔ་ཨིན་ན་ བཀོད་དེ་ཡོདཔ་ཨིན་པས།

སྡེ་ཚན་གྱིས་ རྒྱལ་ཡོངས་ལུ་ བརྡ་སྤྲོན་འབད་ནི་དང་ ནང་འཁོད་ཟུར་བཞག་འགོ་དཔོན་ཚུ་གིས་ཡང་ བརྡ་སྤྲོད་འབད་དགོ་པའི་ འགན་ཁུར་ཚུ་ཡང་ བཀོད་དེ་ཡོདཔ་ད་ ཉེན་བརྡ་དང་ རྒྱལ་ཡོངས་ནད་གཞི་བརྟག་ཞིབ་ལྟེ་བ་དང་ མཉམ་འབྲེལ་འབད་དེ་ ལཱ་འབད་དགོཔ་སྦེ་ཨིན་པས།

གལ་སྲིད་ ནད་ཡམས་བཀག་ཐབས་ལུ་ འཛུལ་སྒོ་ཆ་མཉམ་ནང་ ནད་གཞི་བརྟག་དཔྱད་འབད་ནིའི་ འཕྲུལ་ཆས་བཙུགས་འོང་ཟེར་ཨིནམ་ད་ གལ་སྲིད་ ནད་འབུབ་ཡོད་པའི་ རྟགས་མཚན་རེ་སྟོན་པ་ཅིན་ དེ་འཕྲོ་ལས་ བརྟག་ཞིབ་རྒྱས་ཤིང་རྒྱསཔ་སྦེ་ རྐྱབ་འོང་ཟེར་ བཀོད་དེ་འདུག།

ནད་གཞི་ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་འབད་ནི་དང་ འཛིན་སྐྱོང་ལེགས་ཤོམ་འབད་ཐབས་ལུ་ བཀྲིས་སྒང་རྫོང་ཁག་ནང་ ས་མཚམས་དབྱེ་བ་ཕྱེས་ཏེ་ བྱང་ཕྱོགས་ཀྱི་ས་ཁོངས་ནང་ སག་སྟེང་དྲུང་པ་དང་ དབུས་ཕྱོགས་ལུ་རྫོང་རབ་ དེ་ལས་ ལྷོ་ཕྱོགས་རྒེད་འོག་ཚུ་ནང་ ཝམ་རོང་དྲུང་པ་གིས་ ལྟ་རྟོག་འབད་ནི་ཨིན་པས།

དེ་བཟུམ་སྦེ་ བཀྲིས་གཡང་རྩེ་ལུ་ཡང་ ནད་གཞི་བཀག་ཐབས་དང་ ནད་ཡམས་ཁྱབ་སྤེལ་འགྱོ་བ་ཅིན་ འགན་ཁུར་ག་ཅི་འབག་དགོཔ་ཨིན་ན་ཚུ་ འཆར་གཞི་ནང་བཀོད་ཡོདཔ་ད་ ཉེ་འདབས་ཀྱི་རྫོང་ཁག་ནང་ ནད་གཞི་ཐོབ་ཡོད་པ་ཅིན་ རྫོང་ཁག་ནང་ ལམ་འགྲུལ་བཀག་དམ་འབད་འོང་ཟེར་ཨིན་པས།

བཀྲིས་གཡང་རྩེ་ལུ་ འགྲོ་འགྲུལ་འབད་སའི་ ས་གོ་མང་རབས་ཅིག་ཡོདཔ་ལས་ རྫོང་ཁག་གཞན་ཁར་ མཐུད་སྦྲེལ་ཡོད་མི་ རྐང་ལམ་ཚུ་ཡང་ བཀག་དམ་འབད་འོང་ཟེར་ ཡིག་ཆ་ནང་བཀོད་དེ་འདུག།

ནད་ཡམས་དེ་ ནང་འཁོད་ལས་འཐོན་པ་ཅིན་ གྲོགས་རམ་འབད་ནིའི་དོན་ལུ་ མི་ངོམ་༢༩༣ གིས་ ཐོ་བཀོད་འབད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *