བཀྲིས་སྒང་ལུ་ པར་ཆས་སི་སི་ཊི་བི་ཐོག་ལས་ སྣུམ་འཁོར་ཚུ་ ལྟ་རྟོག་འབད་བའི་བསྒང་།

བཀྲིས་སྒང་དང་ བཀྲིས་གཡང་རྩེ་ཁྲོམ་ཁར་ པར་ཆས་སི་སི་ཊི་བི་ ཐེབས་བཙུགས་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ནང་འཁོད་ཀྱི་ ཁྲོམ་གཞན་ཁར་བཟུམ་སྦེ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ཐབས་ལུ་ བཀྲིས་སྒང་ཁྲོམ་ཁར་ པར་ཆས་སི་སི་ཊི་བི་ཚུ་ གཞི་བཙུགས་འབད་དེ་ མེདཔ་ཨིན་པས།
ཨིན་རུང་ ཁྲོམ་སྡེ་གིས་ སྣུམ་འཁོར་ཚུ་གི་ཉེན་སྲུང་དོན་ལུ་ སི་སི་ཊི་བི་༨ བཙུགས་ཡོད་རུང་ འཕྲལ་འཕྲལ་སྦེ་ར་ མེདཔ་ཐལ་བའི་ཁར་༡ ལག་ལེན་འཐབ་མ་བཏུབ་པར་འདུག།
ཁྲོམ་ཁར་སྡོད་མི་ཚོང་པ་དང་ ས་གནས་ཀྱི་མི་ཚུ་ ཁྲོམ་ནང་འཁོད་ཀྱི་ ཉེན་སྲུང་དོན་ལུ་ སི་སི་ཊི་བི་བཙུགས་གནང་པ་ཅིན་ཟེར་བའི་ རེ་བ་བསྐྱེད་དེ་ཡོདཔ་ད་ དེའི་གྲལ་ལས་གཅིག་ ཟ་ཁང་བཙུགས་སྡོད་མི་ བཟང་པོ་ཨིན་པས།
བཟང་པོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲོམ་ཁར་ མི་རློབས་ཡར་སེང་སོང་མི་དང་འཁྲིལ་ ཁྲོམ་ཁྱབ་ཚུགསཔ་སྦེ་ སི་སི་ཊི་བི་བཙུགས་དགོཔ་འདུག་ཟེར་ཨིནམ་ད་ པར་ཆས་བཙུགས་པ་ཅིན་ མིའི་བྱ་སྤྱོད་བསྒྱུར་བཅོས་འབད་ཚུགས་པའི་ཁར་ རང་གཞན་གཉིས་ཆ་ར་ལུ་ ཕན་ཐོགས་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སི་སི་ཊི་བི་ལུ་ གོང་ཚད་སྦོམ་གནས་དོ་ཡོདཔ་ལས་ ཉོ་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིནམ་ད་ ཚོང་པ་རྒྱུ་སྟོབས་ཡོད་མི་ རེ་གཉིས་ཀྱིས་མ་གཏོགས་ རང་སོའི་ཉེན་སྲུང་དོན་ལུ་ ཚོང་ཁང་ནང་ སི་སི་ཊི་བི་བཙུགས་མི་ གངམ་མེད་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ ཨོ་རྒྱན་དབང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སི་སི་ཊི་བི་ཡོད་པ་ཅིན་ བྱ་ངན་འབད་མི་ མར་ཕབ་འབད་ནི་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིནམ་ད་ ཧེ་མ་ལས་ ཁྲོམ་ཁར་བྱ་ངན་འབད་མི་གངམ་མེད་རུང་ པར་ཆས་ཚུ་ལུ་བརྟེན་ བྱ་ངན་འབད་ནི་ལས་ བཀག་ཚུགས་ནི་མས་ཟེར་ཨིན་པས།
བཀྲིས་སྒང་ལུ་ ཁྲོམ་གཞན་ཁར་བཟུམ་སྦེ་ སི་སི་ཊི་བི་གི་མཐུན་རྐྱེན་མེད་ཟེར་ མོ་གིས་བཤད་པའི་ཁར་ ཁྲོམ་ཉེན་སྲུང་དང་ལྡནམ་སྦེ་ཡོད་ཟེར་ སླབ་མི་ཤེས་པས་ཟེར་ཨིནམ་ད་ ཁྲོམ་གཞན་ཁར་བཟུམ་སྦེ་ བཀྲིས་སྒང་ཁྲོམ་ལུ་ དེ་ཅིག་ར་ གཙོ་རིམ་བཟུང་སར་ མི་མཐོང་པས་ཟེར་ཨིན་པས།
ཧེ་མ་ བཀྲིས་སྒང་ལུ་ བྱ་ངན་འབད་མི་གངམ་མེད་རུང་ རེ་གཉིས་འཐོན་དོ་ཡོདཔ་ལས་ སི་སི་ཊི་བི་དགོཔ་འདུག་ཟེར་ མནོ་བསམ་གཏང་ནི་མ་གཏོགས་ ཞུ་ས་ག་ཏེ་ཡང་མིན་འདུག་ཟེར་ ཟ་ཁང་བཙུགས་སྡོད་མི་༡ གིས་ བཤདཔ་ཨིན་པས།
བཀྲིས་སྒང་ལུ་ སྣུམ་འཁོར་བརྡ་དོན་དང་ སྣུམ་འཁོར་བཞག་ས་ལུ་ སི་སི་ཊི་བི་༨ བཙུགས་ཡོད་མིའི་གྲས་ལས་༡ མེདཔ་ཐལ་ཡོདཔ་མ་ཚད་ གཞན་མི་༧ ཡང་ ལེགས་ཤོམ་སྦེ་ གཡོག་བཀོལ་མ་བཏུབ་པར་འདུག།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ སི་སི་ཊི་བི་གི་ཕན་ཐོགས་རུང་ གལ་སྲིད་ སྣུམ་འཁོར་ཅིག་གིས་ གཞན་མི་ཅིག་བརྡུང་སྟེ་ བྱོག་ཡར་སོ་པ་ཅིན་ པར་ཆས་ནང་ ལེགས་ཤོམ་སྦེ་ མི་མཐོང་དོ་ཡོདཔ་ལས་ བྱ་ངན་འབད་མི་དེ་ བདའ་ཟུན་ཚུགས་པར་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ པར་ཆས་ཡང་ ལེགས་ཤོམ་མིན་འདུག་ཟེར་ཨིན་པས།
ཁྲོམ་སྡེའི་འཐུས་མི་ འཕྲིན་ལས་རྣམ་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་བཞག་སའི་ ས་ཁོངས་ནང་རྐྱངམ་གཅིག་མེན་པར་ ཁྲོམ་ནང་འཁོད་ཡང་ སི་སི་ཊི་བི་དགོཔ་ཡོད་ཟེར་ཨིནམ་ད་ གལ་སྲིད་ པར་ཆས་ཚུ་བཙུགས་པ་ཅིན་ དེ་གིས་ ཕྱགས་སྙིགས་རག་རོ་ཚུ་ ཆུ་ནང་བཀོག་མི་ཚུ་ ལྟ་རྟོག་འབད་ནི་ལུ་ ཕན་ཐོགས་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བྱ་ངན་འབད་མི་ རེ་གཉིས་འཐོན་དོ་ཡོདཔ་ལས་ སི་སི་ཊི་བི་གིས་ ཁྲིམས་སྲུང་འགག་པ་དང་ ལམ་འགྲུལ་སྐྱེལ་འདྲེན་དབང་འཛིན་ལུ་ཡང་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ཁྲོམ་སྡེའི་ངོ་ཚབ་ འཇིགས་མེད་རྒྱ་མཚོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ པར་ཆས་ཐེབས་དགོ་པའི་སྐོར་ལས་ ཞུ་བ་ག་ནི་ཡང་མ་ལྷོད་ཟེར་ཨིནམ་ད་ དགོས་མཁོ་དང་འཁྲིལ་ བཙུགས་དགོཔ་འོང་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ པར་ཆས་ཚུ་ བཙུགས་ནིའི་དོན་ལུ་ འཆར་གཞི་༡༢ པའི་ནང་མ་ཚུད་པའི་ཁར་ གྲོས་འཆར་བཙུགས་མི་ཡང་ མ་འཐོན་ཟེར་ཨིན་པས།
བཀྲིས་གཡང་རྩེ་ཁྲོམ་ཁར་འབད་བ་ཅིན་ ས་ཁོངས་ཁག་༤ ནང་ སི་སི་ཊི་བི་༤ བཙུགས་ཡོདཔ་བཞིན་དུ་༡ མེདཔ་ཐལ་ཡོདཔ་ལས་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ འཕྲལ་མགྱོགས་ར་ ལེགས་བཅོས་འབད་འོང་ཟེར་ཨིན་པས།
བཀྲིས་གཡང་རྩེ་ཁྲོམ་ཁར་ སི་སི་ཊི་བི་བཙུགས་ཡོད་རུང་ ལོ་བསྟར་བཞིན་དུ་ བྱ་ངན་འབད་མི་ ཡར་སེང་འགྱོ་དོ་བཟུམ་མའི་ ཚོར་སྣང་བྱུངམ་མས་ཟེར་ ཚོང་པ་ཤེས་རབ་ལྷ་མོ་གིས་ བཤད་པའི་ཁར་ པར་ཆས་ཚུ་གིས་ཁྱབ་མ་ཚུགསཔ་ལས་ བྱ་ངན་འབད་མི་ཡང་ བདའ་ཟུན་མི་ཚུགས་པས་ཟེར་ཨིནམ་ད་ མི་རློབས་ཡར་སེང་འགྱོ་མི་དང་བསྟུན་ པར་ཆས་ཐེབས་བཙུགས་དགོཔ་འདུག་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ སི་སི་ཊི་བི་ལུ་བརྟེན་ རང་གཞན་༢ ཆ་ར་ལུ་ ཉེན་སྲུང་ཡོད་པའི་ཁར་ ཅ་ཆས་ཚུ་ཡང་ ཨརཝ་ཤོར་ནི་ལས་ ཉེན་ཁ་ཆུང་ནི་མས་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ མཁོ་ལོང་ཆུ་གློག་མེ་ལས་འགུལ་འོང་དོ་ཡོདཔ་ལས་ མི་མ་འདྲཝ་འོང་སྲིདཔ་ལས་ ཁྲོམ་ཉེན་སྲུང་དང་ལྡནམ་སྦེ་བཞག་ཐབས་ལུ་ མཐུན་རྐྱེན་དགོཔ་ཡོད་ཟེར་ཨིནམ་ད་ མཐུན་རྐྱེན་ཡོད་མི་ཡང་ གཡོག་བཀོལ་བཏུབ་བཟོ་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།
ཚོང་པ་ཅིག་གིས་ སླབ་མིའི་ནང་ པར་ཆས་བཙུགས་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་༥༠,༠༠༠ ལྷགཔ་ཅིག་གནས་དོ་ཡོདཔ་ལས་ ཚོང་ལཱ་ཆུང་བ་ཚུ་གིས་ བཙུགས་ཚུགས་པར་ ལཱ་ཁག་འདུག་ཟེར་ཨིནམ་ད་ གཞུང་དང་སྒེར་ཉམས་འབྲེལ་ཐོག་ལས་ བཙུགས་པ་ཅིན་ དྲག་ནི་མས་ཟེར་ཨིན་པས།
མི་སེར་ཚུ་ལས་ པར་ཆས་དགོ་པའི་ གྲོས་འཆར་མ་ལྷོད་རུང་ བྱ་ངན་ནམ་འབད་འོང་ག་ སླབ་མི་ཤེས་དོ་ཡོདཔ་ལས་ ད་ལྟོ་ཡོད་པའི་ པར་ཆས་ཚུ་གིས་ ཁྱབ་མ་ཚུགས་པའི་ས་ཁོངས་ཚུ་ནང་ བཙུགས་དགོཔ་ངེས་བདེན་ཡོད་ཟེར་ ཁྲོམ་སྡེའི་འཐུས་མི་ཨོ་རྒྱན་ལྷ་མོ་གིས་ སླབ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *