ཊེ་བཱལ་ཊེ་ནིསི་རྩེ་མི་ སློབ་ཕྲུག་ཚུ།

བཀྲིས་སྒང་གི་སློབ་ཕྲུག་ཚུ་གིས་ གནམ་བྱཱར་གྱི་ངལ་གསོ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་དོ་ཡོདཔ།

༉ དུས་ཚོད་འ་ནེམ་ཅིག་ཁར་ ན་གཞོན་ལ་ལོ་ཅིག་གིས་ ངལ་གསོའི་དུས་ཚོད་ འཕྲོ་བརླག་བཏངམ་ཨིན་རུང་ བཀྲིས་སྒང་ཁྲོམ་ཁར་ཡོད་པའི་ ན་གཞོན་ཚུ་གིས་ རང་སོའི་ངལ་གསོ་དེ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་སར་མཐོངམ་ཨིན་པས།
དེ་ཡང་ དུས་རྒྱུན་དུ་ བཀྲིས་སྒང་ན་གཞོན་ལྟེ་བའི་ནང་ སློབ་ཕྲུག་༥༠ ལྷགཔ་ཅིག་གིས་ རྩེདམོ་རྩེ་ནི་དང་ དཔེ་དེབ་ལྷབ་ནི་ དེ་ལས་ གློག་རིག་དང་འབྲེལ་བའི་ རིག་རྩལ་གོང་འཕེལ་གཏང་ནིའི་དོན་ལུ་ འོང་དོ་ཡོདཔ་ཨིན་པས།
ན་གཞོན་མང་ཤོས་ཀྱིས་ རང་སོའི་ངལ་གསོ་དེ་ དོན་སྨིན་ཅན་སྦེ་ ལག་ལེན་འཐབ་སར་ མཐོངམ་མས་ཟེར་ རིན་ཆེན་དབང་འདུས་ཀྱིས་ བཤདཔ་ ཨིན་པས།
ཁོ་གིས་ སླབ་མའི་ནང་ ལྟེ་བ་དེ་ སྐྱེས་ལོ་༡༣ ཡན་ཆད་འབད་མི་ཚུ་གི་དོན་ལུ་ཨིན་རུང་ ན་གཞོན་མང་ཤོས་ར་ སྐྱེས་ལོ་༡༢ འོག་རྒྱུ་འབད་མི་ཚུ་ འོངམ་མས་ཟེར་ཨིནམ་ད་ དེ་ཡང་ བུམོ་དང་ཕྱདཔ་ད་ བུཚ་མངམ་འོངམ་མས་ཟེར་ཨིན་པས།
ལྟེ་བ་དང་འཁྲིལ་བ་ཅིན་ དཔེ་དེབ་ལྷབ་མི་དེ་ མང་ཤོས་བུམོ་ཚུ་ཨིནམ་ལས་ བུཚ་གིས་ དཔེ་དེབ་དེ་ཅིག་ར་ ལྷག་སར་མ་མཐོང་ཟེར་ཨིནམ་ད་ དཔེ་དེབ་ལྷག་མི་ཚུ་ཡང་ སློབ་རིམ་༤ པ་ལས་༦ པ་ཚུ་འོངམ་མས་ཟེར་ཨིན་པས།
ཤེས་རྟོགས་བྱུང་མིའི་ནང་ བུཚ་མང་ཤོས་ཀྱིས་ ནང་ནའི་རྩེད་རིགས་ཚུ་ རྩེད་དོ་ཡོདཔ་ད་ དེའི་གྲས་ལས་ ཊེ་བཱལ་ཊེ་ནིསི་ རྩེད་བར་འོང་དོ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྩེདམོ་དེ་ལུ་བརྟེན་ སེམས་རྩེ་གཅིག་ཏུ་གནས་ནིའི་ རིག་རྩལ་ཐོབ་པའི་ཁར་ ཆ་རོགས་ཚུ་དང་འབྲེལ་བ་འཐབ་སྟེ་ རང་སོའི་རིག་རྩལ་བརྗེ་སོར་འབད་ནིའི་དོན་ལུ་ ཕན་ཐོགས་པས་ཟེར་ཨིན་པས།
ན་གཞོན་རྣམ་གྲོལ་བཟང་པོ་གིས་འབད་བ་ཅིན་ ལྟེ་བ་དེ་གིས་ སློབ་ཕྲུག་ལ་ལོ་ཅིག་ སྨྱོ་རྫས་ཀྱི་ དབང་དུ་ཤོར་ནི་ལས་ བཀག་ཚུགས་དོ་བཟུམ་སྦེ་ མཐོངམ་མས་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ ན་གཞོན་སྨྱོ་རྫས་ལག་ལེན་འཐབ་མི་ཡང་ ཡོད་ཟེར་ཨིན་པས།
ཊེ་བཱལ་ཊེ་ནིསི་དེ་ སྤྲོ་བ་ཅན་གྱི་ རྩེདམོ་ཅིག་ཨིན་ཟེར་ སློབ་ཕྲུག་སངས་རྒྱས་དངོས་གྲུབ་ཀྱིས་ བཤད་པའི་ཁར་ ཁོ་གིས་ དུས་རྒྱུན་དུ་ རིག་རྩལ་ལྷབ་ཕར་ ལྟེ་བ་ནང་འོང་ནི་ཡོད་ཟེར་ཨིནམ་ད་ དེ་གིས་ ངལ་གསོའི་དུས་ཚོད་ དུས་སྨིན་ཅན་སྦེ་ ལག་ལེན་འཐབ་ཚུགས་པས་ཟེར་ ཨིན་པས།
ལྟེ་བ་ནང་ རིན་མེད་སྟོང་པའི་ཐོག་ལས་ གློག་རིག་དང་འབྲེལ་བའི་ ཤེས་ཡོན་ལྷབ་ནིའི་ གོ་སྐབས་ཐོབ་པས་ཟེར་ཨིན་པས།
འཛིན་སྐྱོང་པ་ རིན་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ ལྟེ་བའི་ས་ཁོངས་ཆུང་མི་དང་ མཐུན་རྐྱེན་ཚུ་ཡང་ ལངམ་སྦེ་མེདཔ་ལས་ གདོང་ལེན་ཡོད་ཟེར་ཨིནམ་ད་ དཔེ་མཛོད་ཁང་ཡང་ ཆུང་ནི་དེ་གིས་ སྐྱིད་ཏོང་ཏོ་སྦེ་ དཔེ་དེབ་ལྷག་མི་ཚུགས་པས་ཟེར་ཨིན་པས།
ལྟེ་བའི་ས་ཁོངས་ནང་ སྒྲིང་ཁྱིམ་ཐོག་༣ དེ་ཅིག་རྐྱབ་པ་ཅིན་ རྩེདམོ་རྩེ་ས་དང་ དཔེ་དེབ་ལྷབ་ས་ ཞབས་ཁྲ་ལྷབ་ས་ཚུ་བཟོ་སྟེ་ བཀྲིས་སྒང་ལུ་སྡོད་མི་ ན་གཞོན་ཚུ་ལུ་ ཕན་ཐོགས་ནི་མས་ཟེར་ ཁོ་གིས་བཤད་པའི་ཁར་ ད་ལྟོ་ སྤྱི་དོན་ཁང་ཡང་མེདཔ་ལས་ གདོང་ལེན་ཡོད་ཟེར་ཨིན་པས།
དུས་ཅི་ གནམ་བྱཱར་གྱི་ངལ་གསོ་ལུ་ ན་གཞོན་ཚུ་ འབྲེལ་འཛིན་ཅན་སྦེ་བཞག་ཐབས་ལུ་ ཕུཊ་སཱལ་དང་ ཊེ་བཱལ་ཊེ་ནིསི་ ལྷབ་ནིའི་ལས་རིམ་དང་ ཞབས་ཁྲ་རྐྱབ་ནིའི་འགྲན་བསྡུར་ གློག་རིག་གི་ རིག་རྩལ་ཚུའི་ སློབ་སྟོན་འབད་ནིའི་ལས་རིམ་ཚུ་ བཟོ་ཡོདཔ་ཨིན་པས།
ལྟེ་བའི་འགོ་དཔོན་ཚུ་གིས་ དཔེ་དེབ་ལྷག་ནིའི་ནང་ ན་གཞོན་དེ་ཅིག་ར་ མ་འོང་ཟེར་ཨིནམ་ད་ སློབ་གྲྭ་ལ་ལོ་ཅིག་གིས་ དཔེ་དེབ་ལྷག་དགོ་པའི་སྐོར་ལས་ སློབ་ཕྲུག་ཚུ་ལུ་སླབ་ཡོདཔ་ལས་ དཔེ་དེབ་ལེན་པར་ རེ་གཉིས་འོང་ནི་འདུག་ཟེར་ཨིན་པས།
ལྟེ་བ་ནང་ ན་གཞོན་ཤེས་རིག་དང་ རྩེད་རིགས་ལས་ཁུངས་ཀྱིས་ ལྟེ་བའི་དོན་ལུ་ དངུལ་ཀྲམ་འབུམ་༡ གནས་པའི་ དཔེ་དེབ་ཚུ་ གྲོགས་རམ་འབད་ཡོདཔ་ད་ དེ་བཟུམ་སྦེ་ རྫོང་ཁག་ཤེས་རིག་ལས་ཁུངས་ཀྱིས་ཡང་ དངུལ་ཀྲམ་༣༠,༠༠༠ གནས་པའི་ དཔེ་དེབ་ཚུ་ གྲོགས་འབད་ཡི་ཟེར་ འཛིན་སྐྱོང་པ་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *