ལྕགས་ཀྱི་ལྡེ་མིག་གསུམ་ གཏེར་ལུ་སྦས་བཞག་མི་གནས་རྡོ།

བཀྲིས་གཡང་རྩེའི་ ལྕགས་ཀྱི་ལྡེ་མིག་གི་ལོ་རྒྱུས།

༉ བཀྲིས་གཡང་རྩེ་ ཁམས་དྭངས་རྒེད་འོག་ གླེང་མཁར་སྤྱི་འོག་གི་ ལྕགས་ཀྱི་ལྡེ་མིག་ཟེར་མི་ གཡུས་ཚན་གྱི་མིང་དེ་ རྣ་བར་གོཝ་ཅིག་ར་ གཡུས་ཚན་དེ་ ག་དེ་སྦེ་ཡོདཔ་ཨིན་ན་ བལྟ་ནིའི་དོན་ལུ་ འགྱོ་དགོ་མནོ་བའི་ཚོར་སྣང་བྱུངམ་ཨིན་མས།
སྣུམ་འཁོར་ནང་ སོ་ནམ་ཞིང་ལམ་བདའ་སྟེ་ དུས་ཡུན་ཆུ་ཚོད་ཕྱེད་དང་༡ དེ་ཅིག་ འགྲོ་འགྲུལ་འབད་བའི་ཤུལ་ལས་ བཀྲིས་གཡང་རྩེའི་ ལྕགས་ཀྱི་ལྡེ་མིག་ཟེར་མི་ གཡུས་ཚན་ནང་ ལྷོད་དོ་ཡོདཔ་ད་ གཡུས་ཚན་དེ་གི་མིང་ ལྕགས་ཀྱི་ལྡེ་མིག་ཟེར་ ག་དེ་སྦེ་ བཏགས་ཡོདཔ་ཨིན་ན་ རེ་གཉིས་ཀྱིས་མ་གཏོགས་ མང་ཤོས་ཅིག་གིས་ ཤེས་རྟོགས་མིན་འདུག།
ལོ་རྒྱུས་ཚུ་དང་འཁྲིལཝ་ད་ དང་ཕུ་ གཡུས་ཚན་དེ་ནང་ ལྕགས་ཀྱི་ལྡེ་མིག་ཟེར་ ལྡེ་མིག་༣ རྡོའི་གུ་ གཏེར་སྦས་བཞག་མི་ལུ་བརྟེན་ གཡུས་ཚན་དེ་གི་མིང་ཡང་ ལྕགས་ཀྱི་ལྡེ་མིག་ཟེར་ བཏགས་བཏགསཔ་ཨིནམ་ད་ ལྡེ་མིག་༣ དེ་ ད་རེས་ནངས་པ་ཡང་ རྡོའི་གུ་མཇལ་ཚུགས་པས།
གཡུས་ཁའི་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལྡེ་མིག་༣ གནམ་ལོ་ག་དེམ་ཅིག་ཁར་ ག་གིས་ རྡོའི་གུ་གཏེར་སྦས་བཞག་ཡོདཔ་ཨིན་ན་ ཏན་ཏན་ཤེས་རྟོགས་མེད་རུང་ ཕམ་ཚུ་གིས་ རྡོའི་གུ་ལྡེ་མིག་བཟུམ་སྦེ་ གསུམ་མཇལ་ནི་ཡོད་མི་དེ་ ལྕགས་ཀྱི་ལྡེ་མིག་གཏེར་ལུ་ སྦས་བཞག་བཞགཔ་ཨིནམ་སྦེ་ སླབ་དེས་ཟེར་ཨིན་པས།
ཁོ་གིས་ ལྕགས་ཀྱི་ལྡེ་མིག་༣ དེ་ རྡོའི་གུ་གཏེར་སྦས་བཞག་མི་དེ་ཡང་ གཡུས་ཚན་དེ་ནང་ གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་ ནད་རིགས་བཞི་བརྒྱ་རྩ་བཞི་ལ་སོགས་པ་ཚུ་ བཟློག་ཚུགས་པའི་ནུས་པ་ ལྡེ་མིག་༣ ལུ་ ཡོད་མི་ལུ་བརྟེན་ཨིནམ་ད་ ཤུལ་ལས་ གཡུས་དེ་གི་མིང་ཡང་ ལྕགས་ཀྱི་ལྡེ་མིག་ཟེར་ དར་ཁྱབ་སོང་ནུག་ཟེར་ཨིན་པས།
ཧེ་མ་ གནས་རྡོ་དེ་ཁར་ ལྡེ་མིག་དང་ ལྡེ་མིག་བུ་༢ ཆ་ར་ ངོ་མ་བཟུམ་སྦེ་ མཇལ་ཚུགས་དོ་ཡོད་རུང་ ད་རེས་ ལྡེ་མིག་བུ་དེ་ མི་ཚུ་གིས་ བཅགས་དཀྲུམ་འབད་ཡོདཔ་ལས་ ལྡེ་མིག་རྐྱངམ་གཅིག་ཡོདཔ་བཞིན་དུ་ གནས་རྡོ་དེ་ཁར་ ལྡེ་མིག་ཆེ་འབྲིང་ཆུང་༣ ཟེར་ བྲིས་བཞག་ཡོད་སར་ མཐོང་ཚུགས་པས།
མི་དག་པ་ཅིག་གིས་ གཡུས་ཚན་གྱི་མིང་ ལྕགས་ཀྱི་ལྡེ་མིག་ཟེར་ གནས་རྡོ་དེ་ལས་ ཐོབ་ཡོད་པའི་སྐོར་ དུམ་གྲ་རེ་ ཤེས་རྟོགས་ཡོད་རུང་ གནས་རྡོ་དེ་ ག་ཏེ་ལུ་ཡོད་ག་ ལྕགས་ཀྱི་ལྡེ་མིག་དང་ གླེང་མཁར་གྱི་ མི་སེར་ཚུ་གིས་རྐྱངམ་གཅིག་མ་གཏོགས་ མི་གཞན་ཚུ་གིས་ ཤེས་རྟོགས་དེ་ཅིག་ མེདཔ་ཨིན་པས།
གླེང་མཁར་ལས་ མཁན་པོ་གནམ་ལྕགས་རྡོ་རྗེ་གིས་ ཞིབ་འཚོལ་འབད་ཡོད་མི་དང་འཁྲིལཝ་ད་ ལྕགས་ཀྱི་ལྡེ་མིག་ཟེར་མི་ གཡུས་ཚན་དེ་ སྔོན་དང་ཕུ་ མི་ཚུ་གིས་ རྒྱ་གར་ཨ་སམ་གྷོ་དྷ་མ་དང་ བོད་ དེ་ལས་ སྨན་ལྗོངས་འབྲུག་གི་གཞུང་ས་ བུམ་ཐང་དང་ཀྲོང་གསར་ལ་སོགས་པ་ཚུ་ནང་ ཚོང་འབྲེལ་དང་ གནས་སྐོར་འགྱོ་བའི་ རྒྱ་ལམ་ གཞུང་ལམ་ངོ་མ་ཅིག་ ཨིན་མས་ཟེར་ཨིན་པས།
ལྕགས་ཀྱི་ལྡེ་མིག་ཟེར་ ལམ་གྱི་བར་ན་ ལྡེ་མིག་བཟུམ་མའི་དབྱིབས་ རྡོའི་གུ་མཇལ་ནི་ཡོད་མི་དེ་ རྣལ་འབྱོར་པ་རྟོགས་ལྡན་པ་ཅིག་གིས་ རྒྱའི་ནད་རིམས་དང་ ཨར་ཇག་ཟེར་ ཨརཝ་རྐྱབ་མི་ལ་སོགས་པ་ཚུ་ བཀྲིས་གཡང་རྩེ་ཁ་ཐུག་མ་བཏང་པར་ བཀག་ཐབས་ཀྱི་དོན་ལུ་ ལྕགས་ཀྱི་ལྡེ་མིག་ཚུལ་ལུ་ རྒྱས་བསྡམས་ཟེར་ བཟློག་ཐབས་འབད་ཡོདཔ་སྦེ་ ངག་རྒྱུན་ལས་ བཤད་སྲོལ་ཡོད་རུང་ བླམ་ག་ཨིན་ན་དང་ དུས་ནམ་ཨིན་ན་ཚུ་ ཏན་ཏན་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
མཁན་པོ་གནམ་ལྕགས་རྡོ་རྗེ་གིས་ བཤད་མིའི་ནང་ སྤྱི་ལོ་༡༩༤༠ དེ་ཅིག་ཁར་ གཡུས་ཁའི་མི་ཅིག་གིས་ རྡོའི་ལྡེ་མིག་དེ་ཁར་ ཏོག་ཙི་བརྐོ་བའི་རྐྱེན་གྱིས་ གཡུས་ཚན་དེ་ནང་ འབྲུམ་ནད་དཀར་ནག་ལ་སོགས་པའི་ ནད་རིགས་སྣ་ཚོགས་བྱུང་སྟེ་ མི་རབས་ཆད་ནིའི་གུ་ ལྷོད་ནུག་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ལྡེ་མིག་དེ་དང་གཅིག་ཁར་ སྒྲོལ་མའི་སྐུ་འདྲ་ རང་བྱུང་ཅིག་ཡང་ ཐོན་ཡོད་པའི་ ལོ་རྒྱུས་བཤད་དོ་ཡོདཔ་བཞིན་དུ་ ཤུལ་ལས་ སྐུ་འདྲ་དེ་ བཀྲིས་གཡང་རྩེའི་རབ་འབྱམས་ ཀརྨ་གླིང་གི་སྐབས་ མཆོད་རྟེན་ཅིག་ བཞེངས་པའི་སྐབས་ ནང་གཟུངས་བཙུགས་ཡོདཔ་སྦེ་ སླབ་ནི་འདུག་ཟེར་ཨིནམ་ད་ བཀྲིས་གཡང་རྩེ་རྫོང་ཁག་གི་ སློབ་གྲྭ་དང་པ་ཨིན་མི་ ལྕགས་ཀྱི་ལྡེ་མིག་སློབ་གྲྭ་ཆུང་བ་གིས་ སྤྱི་ལོ་༢༠༡༧ ལུ་ གནས་རྡོ་དེ་ཁར་ ཉམས་གསོ་ཞུ་ནུག་ཟེར་ཨིན་པས།
དེ་ཁར་ གནས་རྡོ་དེ་རྐྱངམ་གཅིག་མེན་པར་ དང་ཕུའི་རྒྱ་ལམ་བདའ་སྟེ་ འགྱོ་བའི་སྐབས་ ཡོངས་གྲགས་ལུ་ མ་གསང་གི་གནས་ཟེར་ ཁམས་དྭངས་མ་གསང་ལས་སྐྱིད་བསམ་གྲུབ་དང་ ཚར་གླིང་ལས་ མ་གསང་འགག་པ་བསམ་གྲུབ་ཚུ་གིས་ ཆོས་ཀྱི་པོ་ཏི་ཚུ་ བརྩེགས་བཞག་ཡོད་པའི་ གནས་རིགས་ལེ་ཤ་མཇལ་ནི་འདུག་ཟེར་ ཞུ་ནི་ཨིན།

སྐལ་བཟང་དབང་ཕྱུག།

 

About admin

Check Also

ཁྲིམས་སྲུང་འགག་པ་གིས་ ཆ་རོགས་ཅིག་ལུ་ གྱི་གསོབ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ སྐྱེས་ལོ་༢༠ ལང་མི་ ཁྲིམས་སྲུང་འགག་པ་གིས་ ཕུན་ཚོགས་གླིང་ལས་ སྐྱེས་ལོ་༢༣ ལང་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ གྱི་གསོབ་པའི་ཤུལ་ལས་ སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ཤི་སོཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *