བཀྲིས་གཡང་རྩེའི་ མི་ཚུ་གིས་ གསོ་སྐྱོང་འཐབ་མི་ ཐོན་ཤུགས་ཆེ་བའི་ ནོར་རིགས་ཚུ།

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས།
དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ སྟོནམ་ཨིན་པས།
རྫོང་ཁག་སྒོ་ནོར་འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ བཀྲིས་གཡང་རྩེ་ལུ་ སྒོ་ནོར་གྱི་ལཱ་གཞན་དང་ཕྱདཔ་ད་ ནོར་གསོ་སྐྱོང་འབད་མི་ ཡར་སེང་སོང་སྟེ་ཡོད་ཟེར་ཨིན་པས།
རྒེད་འོག་༨ ནང་ ཨོམ་ཐོན་སྐྱེད་ལེགས་ཤོམ་འབད་ཚུགས་མི་ སྡེ་ཚན་༨ ཡོདཔ་ད་ སྡེ་ཚན་ཚུ་གིས་ ཉིནམ་རེ་ལུ་ ཨོམ་ལི་ཊར་༧༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་དོ་ཡོདཔ་བཞིན་དུ་ ཨོ་ཆས་ཚུ་ གཡང་རྩེ་ཁྲོམ་དང་ དོག་གསུམ་ཁྲོམ་ཁར་ བཙོང་དོ་ཡོདཔ་ཨིན་པས།
རྫོང་ཁག་སྒོ་ནོར་འགོ་དཔོན་ལས་རོགསཔ་ ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ ཧེ་མ་དང་ཕྱདཔ་ད་ ནོར་གསོ་སྐྱོང་འབད་མི་ ཡར་སེང་སོང་སྟེ་ཡོད་ཟེར་ཨིནམ་ད་ ཨོམ་གྱི་ཐོན་ཤུགས་ཚུ་ དམིགས་གཏད་བསྐྱེད་མི་ལས་ལྷག་སྟེ་ ཐོན་སྐྱེད་འབད་ཚུགས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྫོང་ཁག་སྒོ་ནོར་སྡེ་ཚན་ལས་ ལྕགས་ཤོག་དང་ རྩི་ས་ དེ་ལས་ ནོར་ལ་སོགས་པ་ཚུ་ རྒྱབ་སྐྱོར་འབད་དོ་ཡོདཔ་མ་ཚད་ ནོར་གསོ་སྐྱོང་འབད་ནིའི་ སྤྲོ་བ་ཡོད་པ་ཅིན་ ནོར་༣ ལས་༤ ལུ་ ཡར་སེང་འབད་དེ་ གྲོགས་རམ་འབད་དོ་ཟེར་ཨིན་པས།

ཨོམ་གྱིས་བཟོ་མི་ ཞོ་སྒམ་ཚུ།

རྫོང་ཁག་སྒོ་ནོར་ཡིག་ཚང་གི་ ཐོ་བཀོད་དང་འཁྲིལ་བ་ཅིན་ འདས་པའི་ལོ་༥ ནང་ སྡེ་ཚན་ཚུ་གིས་ ཨོམ་ལི་ཊར་ས་ཡ་༨.༡༠ ལྷགཔ་ཅིག་ ཐོན་སྐྱེད་འབད་དེ་ དངུལ་ཀྲམ་ས་ཡ་༤.༤ ལྷགཔ་ཅིག་ཐོབ་ཡོདཔ་མ་ཚད་ མར་དང་ དར་ཚིལ་བཙོང་སྟེ་ འོང་འབབ་དངུལ་ཀྲམ་ས་ཡ་༡༣.༩ ལྷགཔ་ཅིག་ བཟོ་ཡོདཔ་ཨིན་པས།
བཀྲིས་ཡང་རྩེ་ལུ་ རྒེད་འོག་༨ ཀྱི་གྲས་ལས་ ཨོམ་ཐོན་སྐྱེད་མངམ་འབད་མི་ སྟོད་ཚོ་རྒེད་འོག་དང་ རམ་འཇར་རྒེད་འོག་ དེའི་ཤུལ་ལས་ར་ འཇམ་མཁར་རྒེད་འོག་དང་ ཁམས་དྭངས་རྒེད་འོག་ དེ་ལས་ གཡང་རྩེ་རྒེད་འོག་ཚུ་ཨིནམ་ད་ གཞན་མི་རྒེད་འོག་ཚུ་གིས་ ཨོམ་གྱི་ཐོན་སྐྱེད་དེ་ཅིག་ར་ འབད་ནི་མེདཔ་ཨིན་པས།
ཆོས་སྐྱིད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་གིས་ ཨོམ་ཐོན་སྐྱེད་འབད་ནི་དང་ ཚོང་ལམ་གཉིས་ཆ་ར་ལུ་ རྒྱབ་སྐྱོར་འབད་དོ་ཟེར་ཨིནམ་ད་ ཚོང་འབྲེལ་གྱི་གོ་སྐབས་ཡང་ བཟོ་སྟེ་ཡོད་ཟེར་ཨིན་པས།
མི་སེར་སོ་ནམ་པ་ཚུ་གིས་ ཟླ་རིམ་བཞིན་དུ་ ཨོམ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་ཉུང་ཤོས་ དངུལ་ཀྲམ་༥,༠༠༠ དང་ མཐོ་ཤོས་༤༠,༠༠༠ རེ་བཟོ་ནི་ཡོད་ཟེར་ ཆོས་སྐྱིད་ཀྱིས་བཤད་པའི་ཁར་ ཤུལ་ལས་ རྫོང་ཁག་དེ་ ཨོམ་ཐོན་སྐྱེད་ཐོག་ལས་ རང་མགོ་རང་འདྲོངས་བཟོ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
རྫོང་ཁག་སྒོ་ནོར་ལས་སྡེ་གིས་ ད་ཚུན་ ནོར་རིགས་བརྒྱུད་ལེགས་ཤོམ་༡༠༠ ལྷགཔ་ཅིག་ གྲོགས་རམ་སྦེ་ མི་སེར་ཚུ་ལུ་ བཀྲམ་ཡོདཔ་ད་ སྒོ་ནོར་གྱི་ལཱ་ལུ་ བརྩོན་ཤུགས་བསྐྱེད་ཐབས་ལུ་ ཨོམ་གྱི་ཐོན་སྐྱེད་བཙོང་སའི་ ཁང་མིག་གསརཔ་ཅིག་ དོག་གསུམ་ལུ་ སྒོ་ཕྱེས་ཡོདཔ་བཞིན་དུ་ ཨོམ་ལི་ཊར་༢༥༠ དང་༤༠༠ བར་ན་ བཙོང་དོ་ཡོདཔ་ཨིན་པས།
ཨོམ་ལུ་བརྟེན་ ཐོན་སྐྱེད་མ་འདྲཝ་༡༠ དེ་ཅིག་ བཟོ་སྦྱོར་འབད་དོ་ཟེར་ཨིནམ་ད་ གྲོང་གསེབ་གོང་འཕེལ་ལས་འཛིན་ཚད་ཀྱིས་ མ་དངུལ་གནང་དོ་ཡོདཔ་ལས་ སོ་ནམ་པ་ཚུ་ཡང་ སྒོ་ནོར་གྱི་ལཱ་འབད་ནིའི་ སེམས་ཤུགས་ཐོབ་སྟེ་ཡོད་ཟེར་ ཆོས་སྐྱིད་ཀྱིས་ བཤདཔ་ཨིན་པས།
སྒོ་ནོར་འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་༨ ཀྱི་ སྡེ་ཚན་འགོ་ཁྲིདཔ་དང་ འཐུས་མི་ཚུ་ལུ་ ཨོམ་བཟོ་སྦྱོར་ལུ་ གཙང་སྦྲ་ག་དེ་སྦེ་ བཏོན་ནི་ཨིན་ནའི་ཤེས་ཡོན་དང་ སྦྱོང་བརྡར་ཚུ་ བྱིན་ནིའི་འཆར་གཞི་ཡོད་ཟེར་ཨིནམ་ད་ ནོར་བཀྲམ་སྤེལ་དང་ རྩྭ་འཛུགས་སྐྱོང་འབད་དེ་ གནམ་བྱཱར་དགུན་མེད་པར་ ཨོམ་ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
གལ་སྲིད་ ཨོམ་གྱི་ཐོན་སྐྱེད་ ཡར་སེང་འགྱོ་བ་ཅིན་ རྫོང་ཁག་གཞན་ཁར་ བཙོང་ནིའི་དོན་ལུ་ ཐིམ་ཕུག་ན་གཞོན་སྡེ་ཚན་དང་གཅིག་ཁར་ ཚོང་ལམ་བཟོ་སྟེ་ཡོད་པའི་ཁར་ འཆར་གཞི་༡༢ པའི་ནང་ ཨོམ་གྱི་ཐོན་སྐྱེད་ མེ་ཊིག་ཊཱོན་༢༢༠༠ ཐོན་སྐྱེད་འབད་ནིའི་ རེ་བ་ཡོད་ཟེར་ ཆོས་སྐྱིད་ཀྱིས་ སླབ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *