སྐྱེ་ལྡན་མེ་རླུང་ བ་ཡོ་གེསི་གི་འཕྲུལ་ཆས།

བཀྲིས་གཡང་རྩེཔ་ཚུ་གིས་ སྐྱེ་ལྡན་མེ་རླུང་བཱ་ཡོ་གེསི་ ལག་ལེན་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ།

༉ བཀྲིས་གཡང་རྩེ་རྫོང་ཁག་ནང་ ཁྱིམ་གུང་པ་༦༢ དེ་ཅིག་གིས་ མེ་རླུང་གེསི་རྒྱ་རྫི་གི་ཚབ་ སྐྱེ་ལྡན་མེ་རླུང་བཱ་ཡོ་གེསི་ ལག་ལེན་འཐབ་ནི་ འགོ་བཙུགས་ཏེ་འདུག།
དེ་ཡང་ སྤྱི་ལོ་༢༠༡༤ ལས་ ལག་ལེན་འཐབ་ནིའི་ འགོ་བཙུགས་ཡོདཔ་བཞིན་དུ་ ད་རེས་ སྐྱེ་ལྡན་མེ་རླུང་བཱ་ཡོ་གེསི་དེ་ གདམ་ཁ་ཅན་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ད་རེས་ རམ་འཇར་རྒེད་འོག་ནང་ སྐྱེ་ལྡན་མེ་རླུང་བཱ་ཡོ་གེསི་བཟོ་མི་༦༡ ཡོད་མི་དེ་ རྫོང་ཁག་ནང་ མཐོ་ཤོས་ཅིག་ཨིནམ་ད་ དེའི་ཤུལ་ལས་ར་ འབུམ་སྡེ་གླིང་རྒེད་འོག་ནང་༡༨ ཡོདཔ་ཨིན་པས།
རམ་འཇར་ལས་ མགོནམ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ལུ་ ནོར་དག་པ་ཅིག་ལས་བརྒལ་མེད་རུང་ ཨ་རྟག་ར་ གཙང་སྦྲ་ཅན་གྱི་ མེ་རླུང་བཱ་ཡོ་གེསི་ལག་ལེན་འཐབ་དོ་ཟེར་ཨིནམ་ད་ གནམ་དགུན་ལུ་ དཀའ་ངལ་དུམ་གྲ་རེ་བྱིནམ་མ་གཏོགས་ དཀའ་ངལ་དེ་ཅིག་མེད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གནམ་དགུན་ གནམ་གཤིས་བསིལ་ནི་དེ་གིས་ འཕྲུལ་ཁང་ནང་ མེ་རླུང་གི་ཤུགས་ཚད་དེ་ཅིག་ར་ མི་འོང་པས་ཟེར་ཨིནམ་ད་ གཞན་དཀའ་ངལ་སྦོམ་ ག་ཅི་ཡང་མེད་ཟེར་ཨིན་པས།
ནོར་གྱི་ལུད་ཚུ་ ཞིང་ནང་བླུག་ནི་ལས་ལྷག་སྟེ་ མེ་རླུང་ཐོན་སྐྱེད་འབད་འོང་ཟེར་བའི་ མནོ་བསམ་མ་གཏང་ཟེར་ སོ་ནམ་པ་ནོར་བུ་གིས་ བཤད་པའི་ཁར་ མེ་རླུང་བཱ་ཡོ་གེསི་ དུས་ཅི་ གཞི་བཙུགས་འབདཝ་ད་རྐྱངམ་གཅིག་ ཧ་གོ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མེ་རླུང་བཱ་ཡོ་གེསི་གི་ མཐུན་རྐྱེན་མེདཔ་ད་ ནགས་ཚལ་ནང་ལས་ ཐབ་ཤིང་ཚུ་ སྣུམ་འཁོར་བོ་ལི་རོ་༣ དང་༥ འི་བར་ན་ ལག་ལེན་འཐབ་སྡོད་ཡི་ཟེར་ཨིནམ་ད་ ད་རེས་ ཐབ་ཤིང་འཐུ་ནི་དང་ མེ་རླུང་རྒྱ་རྫི་ལག་ལེན་འཐབ་མི་དགོ་པས་ཟེར་ ཨིན་པས།
ཁྱིམ་ནང་ གཙང་སྦྲའི་ཐད་ཁར་ ལོག་ལྟབ་ཀྱིས་ ཕན་ཐོགས་བྱུང་བའི་ཁར་ ལྟོ་དང་ཚོདམ་བཟོ་རུང་ དུས་ཚོད་ཁར་ བཟོ་ཚུགས་པས་ཟེར་ ནོར་བུ་གིས་ བཤདཔ་ཨིན་པས།
སྐྱེས་ལོ་༥༩ ལང་མི་ འཆི་མེད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ མེ་རླུང་བཱ་ཡོ་གེསི་ལག་ལེན་འཐབ་ཞིནམ་ལས་ཚུར་ མེ་རླུང་རྒྱ་རྫི་ལག་ལེན་མ་འཐབ་པར་ ལོ་༣ ལྷགཔ་ཅིག་སོང་ཡི་ཟེར་ཨིནམ་ད་ མོ་རའི་བཟའ་ཚང་གི་དོན་ལུ་ མེ་རླུང་བཱ་ཡོ་གེསི་དེ་ར་ ལག་ལེན་འཐབ་དོ་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ མེ་རླུང་བཱ་ཡོ་གེསི་ལས་ཐོན་མི་ལུད་དེ་ ཚོད་བསྲེ་གི་དོན་ལུ་ བཅུད་ཅན་ཅིག་འབདཝ་ལས་ ཚོད་བསྲེ་ཚུ་ མགྱོགས་སུ་སྦེ་སྐྱེ་ནིའི་ལུ་ ལྷན་ཐབས་འབད་དེ་ཡོད་ཟེར་ཨིནམ་ད་ ལུད་ཚུ་ལས་ དྲི་ངན་ག་ནི་ཡང་མེད་པའི་ཁར་ གཞན་རྫས་སྦྱོར་ལས་ ལུད་དེ་ར་ དྲག་པས་ཟེར་ཨིན་པས།
ས་གནས་ཀྱི་མི་ཅིག་གིས་ སླབ་མིའི་ནང་ མེ་རླུང་བཱ་ཡོ་གེསི་ཕན་ཐོགས་ཡོད་རུང་ དེ་རྐྱབ་ནིའི་དོན་ལུ་ མ་དངུལ་ལེ་ཤ་དགོཔ་ལས་ ཁོ་རའི་བཟའ་ཚང་ཚུ་ རྐྱབ་མ་ཚུགས་པར་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མེ་རླུང་བཱ་ཡོ་གེསི་ཡོད་པ་ཅིན་ མེ་རླུང་རྒྱ་རྫི་སོར་བར་འགྱོ་མ་དགོ་པའི་ ཁེ་ཕན་ཡོདཔ་མ་ཚད་ ལཱ་ཡང་འཇམ་དོ་བཟུམ་སྦེ་ མཐོངམ་མས་ཟེར་ཨིན་པས།
མེ་རླུང་བཱ་ཡོ་གེསི་རྐྱབ་ནིའི་དོན་ལུ་ ས་གོ་དང་འཁྲིལ་ དངུལ་ཀྲམ་༣༠,༠༠༠ ལས་ དངུལ་ཀྲམ་༤༠,༠༠༠ བར་ན་གནས་དོ་ཡོདཔ་ད་ གཞུང་ལས་ དངུལ་ཀྲམ་༡༥,༠༠༠ ལྷགཔ་ཅིག་གི་ཅ་ཆས་ཚུ་ རིན་མེད་སྟོང་པར་ གནང་དོ་ཡོདཔ་ཨིན་པས།
རམ་འཇར་རྒེད་འོག་ལྟེ་བའི་ སྒོ་ནོར་འགོ་དཔོན་ ཚེ་རིང་བདེ་ཆེན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ནོར་གྱི་ལུད་ཀེ་ཇི་༢༠ གིས་ དུས་ཡུན་ཆུ་ཚོད་༤ དེ་ཅིག་ ལྟོ་འབད་ནི་ཚུ་ ལང་ཚུགས་ཟེར་ཨིནམ་ད་ འཕྲུལ་ཁང་དེ་རྐྱབ་ཚར་ཞིནམ་ལས་ ལུད་ཀེ་ཇི་༡,༥༠༠ དང་ ཆུ་ལི་ཊར་༡,༥༠༠ ཨིན་ཅི་མིན་ཅི་བླུག་དགོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རམ་འཇར་རྒེད་འོག་ནང་ སྤྱི་ལོ་༢༠༡༥ ལུ་ མེ་རླུང་བཱ་ཡོ་གེསི་འཕྲུལ་ཁང་༢ ལས་བརྒལ་མེད་རུང་ དུས་ཅི་ལས་ མི་སེར་ཚུ་གིས་ ལེ་ཤ་སྦེ་རྐྱབ་ནིའི་འགོ་བཙུགས་ཡི་ཟེར་ཨིན་པས།
ཚེ་རིང་བདེ་ཆེན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མི་སེར་ཚུ་ འཕྲུལ་ཁང་ལག་ལེན་དང་འབྲེལ་བའི་ གོ་བརྡ་དང་ ལྟ་བྱ་མཐོང་བྱ་མེད་ནི་དེ་གིས་ སྤྲོ་བ་དེ་ཅིག་ར་ མིན་འདུག་ཟེར་ཨིནམ་ད་ གནད་དོན་གཅིགཔོ་དེ་ མ་དངུལ་དང་འབྲེལ་བའི་དཀའ་ངལ་གི་ སྤྲོ་བ་མི་ལེན་པས་ཟེར་ཨིན་པས།
རམ་འཇར་རྒེད་འོག་ནང་ དུས་ཅི་ ཁྱིམ་གུང་པ་༦༡ གིས་ མེ་རླུང་ བཱ་ཡོ་གེསི་རྐྱབ་ནིའི་ཐོ་བཀོད་འབད་ས་ལས་ ད་ལྟོ་གུང་པ་༢༣ གྱིས་ འཕྲུལ་ཁང་རྐྱབ་ཚར་ཡོདཔ་ད་ གུང་པ་༩ གིས་ ལག་ལེན་འཐབ་ནི་ འགོ་བཙུགས་ཏེ་འདུག།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མའི་ནང་ འགོ་དང་པ་ མེ་རླུང་བཱ་ཡོ་གེསི་གི་འཕྲུལ་ཁང་ གསརཔ་རྐྱབ་ད་དང་ ལག་ལེན་འཐབ་ད་ དཀའ་ངལ་བྱིནམ་མ་གཏོགས་ ལག་ལེན་འཐབ་ཤེས་ཞིནམ་ལས་ འཕྲུལ་ཁང་གི་ དཀའ་ངལ་དེ་ཅིག་ར་ མི་བྱིན་དོ་ཡོདཔ་ཨིན་པས།
མི་སེར་ལ་ལོ་ཅིག་གིས་ བསམ་འཆར་བཀོད་མིའི་ནང་ གཞུང་ལས་ རྩི་ས་དང་བྱེམ་ལ་སོགས་པ་ཚུ་ གོང་ཚད་ཕབ་ཆ་ཐོག་ལས་གནང་པ་ཅིན་ མི་སེར་ཉམ་ཆུང་ཚུ་ལུ་ ཕན་ཐོགས་ནི་མས་ཟེར་ཨིནམ་མ་ཚད་ དེ་འབད་བ་ཅིན་ འཕྲུལ་ཁང་ཡང་ ག་ར་གིས་རྐྱབ་ཚུགས་ནི་མས་ཟེར་ཨིན་པས།
རྫོང་ཁག་ སྒོ་ནོར་ལས་རོགསཔ་ ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ གོ་བརྡ་སྤེལ་མ་སྤེལ་གྱི་ ཁྱད་པར་མ་གཏོགས་ མི་སེར་ཚུ་གིས་ ཧ་གོ་བའི་བསྒང་ལས་ སྤྲོ་བ་བསྐྱེད་མི་ཐོནམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོ་ འཕྲུལ་ཁང་ཚུ་རྐྱབ་པའི་བསྒང་ཡོདཔ་ལས་ དེ་ཚུ་རྐྱབ་ཚར་ཞིནམ་ལས་ གྱངས་ཁ་ཡར་སེང་འགྱོ་འོང་ཟེར་ཨིནམ་ད་ གཡུས་བཤལ་འགྱོཝ་ད་ གོ་བརྡ་སྤེལ་དོ་ཟེར་ཨིན་པས།
འབྲུག་ལུ་ མེ་རླུང་བཱ་ཡོ་གེསི་དེ་ སྤྱི་ལོ་༡༩༨༠ གྱ་གྲངས་ལུ་ གཞི་བཙུགས་འབད་ཡོདཔ་ད་ ཤུལ་ལས་ འཕྲུལ་རིག་དང་འབྲེལ་བའི་ སྟབས་མ་བདེཝ་ཐོན་ནི་དེ་གིས་ མཚམས་འཇོག་འབད་ཡོདཔ་བཞིན་དུ་ ད་རུང་ སྤྱི་ལོ་༢༠༡༠ ལས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ མེ་རླུང་བཱ་ཡོ་གེསི་གི་ལག་ལེན་ འགོ་བཙུགས་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། རམ་འཇར།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ རྒྱ་གར་གྱི་ མི་སྡེ་གིས་ རྒྱ་གར་གཞུང་ཚབ་ལས་ཁང་ནང་སྦེ་ མི་སེར་རང་དབང་གི་ཉིནམ་ ཐེངས་༧༡ པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྒྱལ་པོའི་གཟིམ་དཔོན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *