དབང་དར་གཡུས་ཚན།

བཀྲིས་གཡང་རྩེཔ་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་དགོ་པའི་གནད་དོན།

༉ སྤྱི་ལོ་༢༠༡༣ ལུ་ རྒྱལ་ཡོངས་ཚོགས་འདུའི སྤྱིར་བཏང་བཙག་འཐུ་ནང་ བཀྲིས་གཡང་རྩེའི་མི་སེར་ཚུ་གིས་ ཧེ་མ་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་དང་ མི་སེར་དམངས་གཙོའི་ཚོགས་པའི་འདེམས་ངོ་༢ ལུ་ རྒྱབ་སྐྱོར་འབད་ཡོད་རུང་ དུས་ཅི་ སྤྱི་ལོ་༢༠༡༨ ཀྱི་བཙག་འཐུ་ནང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་༢ ཆ་ར་ལུ་ རྒྱབ་སྐྱོར་འབད་དེ་ ཁོང་༢ ཀྱིས་ རྒྱལ་ཡོངས་ཚོགས་འདུ་ནང་ མི་སེར་ཚུ་གི་ངོ་ཚབ་སྦེ་ བཙག་འཐུ་གྲུབ་ཡོདཔ་ཨིན་པས།
སྤྱིར་བཏང་བཙག་འཐུ་ འགོ་འདྲེན་འཐབ་མིའི་ནང་ བཀྲིས་གཡང་རྩེ་རྫོང་ཁག་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ བཀྲིས་གཡང་རྩེའི་འདེམས་ཁོངས་༢ ཆ་ར་ནང་ འཕྲུལ་ཆས་ཚོགས་རྒྱན་དང་ འགྲེམ་ཐོག་ཚོགས་རྒྱན་བརྒྱ་ཆ་༥༦.༣ དེ་ཅིག་ཐོབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པའི་བར་ན་ ཚོགས་རྒྱན་༨༣༡ གིས་ ཁྱད་པར་ཞུགས་ཏེ་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལྷན་འཛིན་བགྲེསཔ་ སངས་རྒྱས་རྡོ་རྗེ་ བཙག་འཐུ་མ་གྲུབ་ཨིན་པས།
འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་གིས་ འཕྲུལ་ཆས་ཚོགས་རྒྱན་༡,༦༩༣ དང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ སངས་རྒྱས་རྡོ་རྗེ་གིས་ འཕྲུལ་ཆས་ཚོགས་རྒྱན་༡༣༡༢ ཐོབ་ཡོདཔ་ད་ འཕྲུལ་ཆས་ཚོགས་རྒྱན་ཐོག་ལས་ ཚོགས་རྒྱན་བཙུགས་མི་ལུ་ ཁྱད་པར་གནམ་མེད་ས་མེད་ཅིག་མེད་རུང་ འགྲེམ་ཐོག་ཚོགས་རྒྱན་༤༥༠གིས་ ཁྱད་པར་བཟོ་ཡོདཔ་ཨིན་པས།
དེ་ཡང་ འབུམ་སྡེ་གླིང་འཇམ་མཁར་འདེམས་ཁོངས་ལས་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་གིས་ གཡང་རྩེ་རྒེད་འོག་དང་ འཇམ་མཁར་རྒེད་འོག་ལས་ ཚོགས་རྒྱན་མཐོ་ཤོས་ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་གིས་ སྤྱིར་བཏང་ཚོགས་འདྲན་འདྲ་ ཐོབ་ཡོདཔ་ཨིན་པས།
འབུམ་སྡེ་གླིང་དང་ སྟོང་ཞང་གི་མི་སེར་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པའི་ རྒྱབ་སྐྱོར་འབད་མི་མཐོ་ཤོས་ཅིག་ཨིནམ་ལས་ རྒེད་འོག་༢ ནང་ ཚོགས་རྒྱན་བཙུགས་ནིའི་ ཐོ་བཀོད་གྲུབ་མི་༤༧༠༨ ཡོད་མིའི་གྲས་ལས་ འབྲུག་ཕུན་སུམ་ཚོགས་པ་གིས་ འཕྲུལ་ཆས་ཚོགས་རྒྱན་༡༠༦༩ ཐོབ་ཡོདཔ་མ་ཚད་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༤༨༧ རྐྱངམ་གཅིག་ ཐོབ་ཡོདཔ་ཨིན་པས།
བཀྲིས་གཡང་རྩེ་དང་ འབུམ་སྡེ་གླིང་ལུ་སྡོད་མི་ མི་སེར་ཚུ་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་གིས་ བཙག་འཐུ་གྲུབ་མི་དེ་ མི་སེར་ཚུ་གིས་ ལེགས་ཤོམ་སྦེ་ ངོ་ཤེས་ནི་དེ་གིས་དང་ འདེམས་ངོ་ལུ་ ལོ་༡༠གི་རིང་ སྤྱི་ཚོགས་ནང་ ཕྱག་ཞུ་བའི་ ཉམས་མྱོང་ཡོད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
སྐྱེས་ལོ་༦༠ལང་མི་ འཕྲིན་ལས་དོན་གྲུབ་ཀྱིས་ སླབ་མིའི་ནང་ ཚོགས་པ་༢ ཆ་ར་ནང་ འདེམས་ངོ་སྒྲིང་སྒྲི་འདུག་ཟེར་ཨིནམ་ད་ འདེམས་ངོ་གསརཔ་དང་ གཞུང་གསརཔ་ལུ་ གོ་སྐབས་བྱིན་པ་ཅིན་ འདེམས་ཁོངས་ནང་ ཡར་རྒྱས་གསརཔ་ འབག་འོང་ནི་ཨིན་རུང་ ཚོགས་རྒྱན་དེ་ མི་སེར་གྱི་ཕྱག་ལུ་ཨིནམ་ལས་ འབད་ཐབས་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༣ ལུ་ ཁམས་དྭངས་རམ་འཇར་འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་གིས་ རྒྱལ་ཁ་ཐོབ་སྟེ་ མི་སེར་ཚུ་ལུ་ཕྱག་ཞུ་ཡོདཔ་ད་ མི་སེར་ཚུ་གིས་ལོག་སྟེ་ དུས་ཅི་སྤྱི་ལོ་༢༠༡༨ ཀྱི་ སྤྱིར་བཏང་བཙག་འཐུ་ནང་ ལོག་སྟེ་འབྲུག་ཕུན་སུམ་ཚོགས་པ་ བཙག་འཐུ་འབད་ཡོདཔ་ཨིན་པས།
ཁམས་དྭངས་རམ་འཇར་འདེམས་ཁོངས་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ ཕོ་སྐྱེས་༤༣༩༩ དང་ ཨམ་སྲུ་༤༧༧༧ བསྡོམས་ཏེ་ བསྡོམས་མི་གྲངས་༩༧༧༧ ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་གིས་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་༡༨༦༩ དང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་༡༥༥༡ ལས་བརྒལ་མ་ཐོབ་ཨིན་པས།
ཁམས་དྭངས་རམ་འཇར་འདེམས་ཁོངས་ནང་ རྒེད་འོག་༤ ཡོད་པའི་གྲས་ལས་ ཚོགས་རྒྱན་མཐོ་ཤོས་ཐོབ་མི་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༧༧༧ དང་ འབྲུག་མཉམ་རུབ་ཚོགས་པ་གིས་༤༤༢ ཐོབ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པ་གིས་ ཡ་ལང་དང་ སྟོད་མཚོ་རྒེད་འོག་ལས་ ཚོགས་རྒྱན་རན་ཏོག་ཏོ་ཐོབ་ཡོད་རུང་ རམ་འཇར་རྒེད་འོག་ལས་ མང་ཤོས་ར་འབྲུག་མཉམ་རུབ་ཚོགས་པ་གིས་ ཐོབ་ཡོདཔ་ཨིན་པས།
འགོ་ཐོག་བཙག་འཐུ་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་པ་༤ འི་གྲས་ལས་ ཚོགས་རྒྱན་བརྒྱ་ཆ་༤༤ དེ་ཅིག་ཐོབ་ཡོད་རུང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་བརྒྱ་ཆ་༢༧ ལས་བརྒལ་མ་ཐོབ་པས།
ཨིན་རུང་ སྤྱི་བཏང་བཙག་འཐུ་ནང་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་བརྒྱ་ཆ་༤༣ ཐོབ་སྟེ་ སྤྱིར་བཏང་བཙག་འཐུ་ནང་ བརྒྱ་ཆ་༡༣ ཡར་སེང་སོང་ཡོདཔ་ད་ ད་རེས་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་བརྒྱ་ཆ་༥༦ དེ་ཅིག་ཐོབ་ཡོདཔ་ཨིན་པས།
དཀོན་མཆོག་གླིང་ལུ་ སྡོད་མི་ཚུ་གིས་ སླབ་མིའི་ནང་ ཁོང་གིས་འདེམས་ངོ་དེ་ དྲག་པའི་ནང་ལས་ དྲག་ཤོས་ཅིག་གདམ་ཁ་རྐྱབ་ཅི་ཟེར་ཨིནམ་ད་ དེ་ཡང་ ཁོང་རའི་ཁས་བླངས་གསལ་བསྒྲགས་ལུ་ གཞི་བཞག་སྟེ་ གདམ་ཁ་རྐྱབ་ཅི་ཟེར་ཨིནམ་ད་ འདེམས་ངོ་༢ ཆ་ར་ སྒྲིང་སྒྲི་འདུག་ཟེར་ཨིན་པས།
སྐྱེས་ལོ་༤༠ལང་མི་ དབང་གྲགས་ལ་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ བཙག་འཐུ་གྲུབ་མི་དེ་ རྫོང་ཁག་ནང་ རྒེད་འོག་སྦོམ་ཤོས་ཅིག་ ཁམས་དྭངས་ཨིནམ་ལས་ འདེམས་ངོ་ཁོ་ར་ཡང་ ཁམས་དྭངས་ལས་འབདཝ་ལས་ མི་སེར་ཚུ་གིས་ རྒྱབ་སྐྱོར་ཁོ་ལུ་འབད་ནི་དེ་གིས་ཨིན་མས་ཟེར་ཨིནམ་ད་ མི་སེར་མང་ཤོས་ཅིག་གིས་ རང་གི་རྒེད་འོག་ལས་ ཐོན་མིའི་འདེམས་ངོ་དེ་ལུ་ར་ གདམ་ཁ་རྐྱབ་མས་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་མི་ཅིག་གིས་ སླབ་མིའི་ནང་ རང་གི་དགའ་མི་འདེམས་ངོ་དང་ ཚོགས་པ་དེ་ བཙག་འཐུ་མ་གྲུབ་པ་ཅིན་ བློ་ཕམ་བྱུངམ་མས་ཟེར་བཤད་པའི་ཁར་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་དེ་ ཚོགས་རྒྱན་དག་པ་ཅིག་གིས་ ཁྱད་པར་ཞུགས་ཏེ་ བཙག་འཐུ་མ་གྲུབ་ལས་ བློ་ཕམ་དགོཔ་མིན་འདུག་ཟེར་ཨིནམ་ད་ གྲུབ་འབྲས་ལུ་བལྟ་བ་ཅིན་ དོ་འགྲན་ཅན་ཅིག་སྦེ་ མཐོང་ཡི་ཟེར་ཨིན་པས།
སྐྱེས་ལོ་༥༣ ལང་མི་ ཕོ་སྐྱེས་ཅིག་གིས་ སླབ་མིའི་ནང་ ཁོ་ར་གིས་མནོ་མི་འདེམས་ངོ་དེ་ བཙག་འཐུ་གྲུབ་ནུག་ཟེར་ཨིནམ་ད་ གཞུང་དེ་ ག་གིས་བཙག་འཐུ་གྲུབ་རུང་ མི་སེར་གྱིས་གདམ་ཁ་རྐྱབ་པའི་ གཞུང་འབདཝ་ལས་ མི་སེར་གྱི་དོན་ལས་ར་ ལཱ་འབད་འོང་ཟེར་ བཤདཔ་ཨིན་པས།
ཀུན་གསལ་གྱིས་ ཤེས་རྟོགས་བྱུང་དོ་བཟུམ་འབད་བ་ཅིན་ གཡང་རྩེ་ཁྲོམ་དང་ གཞན་གཡུས་ཚན་ནང་ལས་ཕར་ རང་རང་སོ་སོའི་ལཱ་དང་ འབྱ་ལཱ་འབད་དེ་ སྡོདཔ་མ་གཏོགས་ སྲིད་ཚོགས་དང་ འདེམས་ངོ་བཙག་འཐུ་གྲུབ་མི་དང་ མ་གྲུབ་པའི་སྐོར་ལས་ བློ་དེ་ཅིག་ར་སླབ་སར་མཐོང་མི་ཚུགས་པས།
ཨིན་རུང་ གཡང་རྩེ་ཁྲོམ་ཁའི་ ཚོང་ཁང་དག་པ་ཅིག་ནང་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུའི་འདེམས་ཁྲི་གི་སྐོར་ལས་ རྒྱང་མཐོང་ནང་ མཐའ་བཅད་གྲུབ་འབྲས་ གསལ་བསྒྲགས་འབད་མི་ལྟ་སྟེ་ གཞུང་གསར་པའི་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ སྒུག་སྡོད་གེ་ཟེར་ དགའ་འཛུམ་དང་བཅས་པའི་སྒོ་ལས་ བློ་ཕར་ཚུར་སླབ་སྡོད་དོ་ཡོད་པའི་གནས་ཚུལ།

དཀོན་མཆོག་གླིང་ལས་ གནས་བརྟན་རྡོ་རྗེ།

 

About admin

Check Also

གནས་ཚུལ་མདོར་བསྡུས།

བཀྲིས་སྒང་གི་ ལོ་བསྟར་ཚེས་བཅུ་དེ་ ད་རིས་ལས་ འགོ་བཙུགསཔ་བཞིན་དུ་ ཁ་ཙ་ལས་ བཀྲིས་སྒང་ཁྲོམ་ཁར་ སྡོད་མི་ཚུ་གིས་ རྫོང་གི་ཕྱི་ཁར་ ཚོང་བཙུགས་ནིའི་དོན་ལས་ གྲ་སྒྲིག་འབད་ཡོདཔ་ད་ མི་ལོ་༣༥༩ ལང་མི་ བཀྲིས་སྒང་རྫོང་དེ་ ཉམས་གསོ་ཞུ་ནི་འགོ་བཙུགས་ཞིནམ་ལས་ཚུར་ ལོ་བསྟར་ཚེས་བཅུ་དེ་ …

Leave a Reply

Your email address will not be published. Required fields are marked *