བཀྲིས་གཡང་རྩེ་ ཡ་ལང་ལུ་ འཛུགས་སྐྱོང་འབད་མི་ ཐིང་ངེ་ཤིང་ཚུ།

བཀྲིས་གཡང་རྩེ་ ཡ་ལང་གི་མི་ཚུ་གིས་ ཐིང་ངེ་ལུ་བརྟེན་ འཚོ་བ་སྐྱོང་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ ཡ་ལང་རྒེད་འོག་ གནམ་ཐེ་དང་ ཡེར་ཕི་གཡུས་ཚན་དེ་ ཐིང་ངེ་ཐོན་སྐྱེད་འབད་སའི་ ཡོངས་གྲགས་ཅན་གྱི་ ས་གནས་ཅིག་ཨིན་པས།
དེ་ཡང་ ཚོདམ་ཞིམ་ཏོང་ཏོ་བཟོ་ནི་དང་ བཟའ་ཁམས་གཏགས་ནིའི་དོན་ལུ་ ཐིང་ངེ་བླུགས་ཏེ་བཟོ་དོ་ཡོདཔ་ད་ གཡུས་ཚན་ནང་ལྷོད་པ་ཅིན་ ཚོདམ་ནང་རྐྱངམ་གཅིག་མེན་པར་ ཁྱིམ་ག་རའི་གདོང་ཁར་ ཐིང་ངེ་ཤིང་ཚུ་ ལེ་ཤ་སྦེ་འཛུགས་སྐྱོང་འབད་སར་ མཐོངམ་ཨིན་པས།
གནམ་ཐེ་དང་ ཡེར་ཕི་གཡུས་ཚན་གྱི་ གུང་པ་༥༦ ག་ར་གིས་ ཐིང་ངེ་འཛུགས་སྐྱོང་འབད་མི་ལུ་བརྟེན་ ཐིང་ངེ་འབོལ་དྲགས་སྦེ་ཐོབ་དོ་ཡོད་རུང་ ས་གནས་དེ་ རྒྱ་འབྲུག་གཉིས་ཀྱི་ ས་མཚམས་སྦོ་ལོགས་ཁར་ཆགས་ཡོདཔ་ལས་ སོ་ནམ་ཞིང་ལམ་མེད་ནི་དེ་གིས་ རྒེད་འོག་ལྟེ་བ་ལས་ དུས་ཡུན་ཆུ་ཚོད་༣ ལྷགཔ་ཅིག་ རྐང་སྟོང་སྦེ་ འགྱོ་དགོཔ་ཨིན་པས།
ས་གནས་ནང་ འཁོར་ལམ་མེད་ནི་དེ་གིས་ ཚོད་བསྲེ་འཛུགས་སྐྱོང་གི་ལཱ་ དེ་ཅིག་ར་ མི་འབད་དོ་ཡོདཔ་ད་ གེ་ཟ་དང་ འབྱ་ལཱ་འབད་དོ་ཡོད་རུང་ དངུལ་ཐོག་ངོ་མ་ ཐིང་ངི་འབད་དོ་ཡོདཔ་ལས་ ཐིང་ངེ་གི་ལཱ་དེ་ ཕ་མའི་བསྒང་ར་འབད་སྡོད་ནུག་ཟེར་ མི་སེར་རྒས་ཤོས་ཚུ་གིས་ བཤདཔ་ཨིན་པས།
སྐྱེས་ལོ་༦༢ ལང་མི་ སོ་ནམ་པ་ ལྷ་མོ་ཆོས་འཛོམས་ཀྱིས་ སླབ་མིའི་ནང་ འཁོར་ལམ་གྱི་མཐུན་རྐྱེན་མེདཔ་ལས་ དངུལ་ཐོག་ཟེར་རུང་ ཐིང་ངེ་རྐྱངམ་གཅིག་ཨིནམ་ད་ ཐིང་ངེ་ལུ་བརྟེན་ མི་སེར་ཚུ་གིས་ ཉུང་ཤོས་དངུལ་ཀྲམ་༣༠,༠༠༠ དང་ མཐོ་ཤོས་དངུལ་ཀྲམ་༡༤༠,༠༠༠ ལྷགཔ་ཅིག་ འོང་འབབ་བཟོ་ནི་ཡོད་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཐིང་ངེ་སྐམ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠༠ ལས་ དུས་ཅི་ དངུལ་ཀྲམ་༦༠༠ གུ་ལྷོད་ཅི་ཟེར་ཨིནམ་ད་ ཐིང་ངེ་རློནམ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༦༠ དང་༧༠ རེ་སྦེ་ བཙོངམ་ཨིན་ཟེར་ཨིན་པས།
ཐིང་ངི་དེ་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༣ པའི་ནང་ རྡོག་མ་བཏགས་ནི་ འགོ་བཙུགས་ཏེ་ སྤྱི་ཟླ་༧ པའི་ནང་ བསྡུ་དོ་ཡོདཔ་ད་ གུང་པ་རེ་ལུ་ ཐིང་ངེ་ཤིང་ཉུང་ཤོས་༡༠ དང་ མཐོ་ཤོས་༥༠ དང་༦༠ འི་བར་ན་ ཡོདཔ་ཨིན་པས།

ཚོང་སྒྱུར་གྱི་དོན་ལུ་ ཕད་ཙི་ནང་འདེགས་བཞག་མི་ ཐིང་ངེའི་དོ་ཚུ།

གཡུས་མི་ བདེ་ཆེན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལོ་བསྟར་བཞིན་དུ་ ཐིང་ངེ་མཁོ་མངགས་འབད་མི་ ཡར་སེང་འགྱོཝ་མས་ཟེར་ཨིནམ་ད་ ཐིང་ངེ་ཉོ་བར་ སྒོའི་རྩ་བར་འོང་དོ་ཡོདཔ་ལས་ ལཱ་ཁག་སྦེ་བཙོང་པར་ བསམ་གྲུབ་ལྗོངས་མཁར་ལུ་ འགྱོ་མི་དགོ་ཟེར་ཨིན་པས།
མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཐིང་ངེ་དེ་ ཕ་མའི་སྒང་ལས་ར་ ཕན་ཐོགས་ཅན་གྱི་ དངུལ་ཐོག་སྦེ་སྡོད་ཡི་ཟེར་ཨིནམ་ད་ དེ་ལུ་བརྟེན་ འཚོ་བའི་གནས་སྟངས་ཡར་དྲག་འགྱོ་བའི་ཁར་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་ཚུ་གི་ ཟད་འགྲོ་གཏང་ནི་ལུ་ཡང་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
ཨ་ལོ་༣ གྱི་ཨའི་ འཆི་མེད་དབང་མོ་གིས་ སླབ་མིའི་ནང་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ལུ་དང་ ཐིང་ངེ་གི་ རྩང་ལུ་བརྟེན་ བསྡུ་ནིའི་ནང་ གདོང་ལེན་འདུག་ཟེར་ཨིནམ་ད་ ཨིན་རུང་ དངུལ་ཐོག་གཞན་མེདཔ་ལས་ རྩ་འགེངས་ཏེ་ར་ བསྡུ་ལེན་འབད་དོ་ཟེར་ཨིན་པས།
ཐིང་ངེ་གི་ཞིང་ནང་ ལོ་ཐོག་གེ་ཟ་ལ་སོགས་པ་ཚུ་ མ་བཏབ་པ་ཅིན་ ཐིང་ངེ་གི་ཐོན་སྐྱེད་ དེ་ཅིག་མི་འོང་པས་ཟེར་ མོ་གིས་བཤད་པའི་ཁར་ རང་བཞིན་གྱིས་སྐྱེས་མི་ ཐིང་ངེ་དང་ ལ་ལོ་ཅིག་ འོང་འབབ་ཀྱི་ཁེ་ཕན་ལུ་ལྟ་སྟེ་ འཛུགས་སྐྱོང་འབད་མི་ཡང་ ཡོད་ཟེར་ཨིན་པས།
སོ་ནམ་པ་ཚུ་དང་འཁྲིལ་བ་ཅིན་ སོ་ནམ་གྱི་ ལཱ་གཞན་དང་ཕྱདཔ་ད་ ཐིང་ངེ་བཙུགས་ཚར་ཞིནམ་ལས་ བདག་འཛིན་འབད་མ་དགོ་ནི་དེ་གིས་ ལཱ་འཇམ་པས་ཟེར་ཨིནམ་ད་ རི་དྭགས་སེམས་ཅན་ཚུ་ཡང་ ཁོ་རའི་རྩང་ལུ་བརྟེན་ ར་བ་གི་ཚབ་སྦེ་ ཕན་ཐོགས་ཏེ་ཡོད་ཟེར་ཨིན་པས།
གལ་སྲིད་ འབྱ་དང་ གེ་ཟའི་ཐོན་སྐྱེད་མེད་པ་ཅིན་ ཐིང་ངེ་བཙོང་ཏེ་ ཐོབ་མི་འོང་འབབ་ཀྱིས་ འཚོ་བ་སྐྱོང་ལུ་ཕན་ཐོགས་ཏེ་ཡོད་ཟེར་ ས་གནས་ཀྱི་མི་ཅིག་གིས་ བཤདཔ་ཨིན་པས།
ས་གནས་ཀྱི་ མི་རྒས་ཤོས་ཚུ་དང་འཁྲིལ་བ་ཅིན་ ས་གནས་ནང་ གེ་ཟ་དང་ འབྱ་ལཱ་དེ་ཅིག་འབད་ནི་མེདཔ་ལས་ ཐིང་ངེ་དེ་ ཧེ་མ་ བཀྲིས་སྒང་དང་ གཞན་མི་རྒེད་འོག་ཚུ་དང་ གེ་ཟ་དང་ འབྱ་ ཨེ་མ་ དེ་ལས་ མར་དང་དར་ཚིལ་ལ་སོགས་པ་ཚུ་དང་ ཐིང་ངེ་བརྗེ་སོར་འབད་ནི་ཡོད་ཟེར་ ཨིན་པས།
འཕྲལ་ཁམས་གཅིག་ཁར་ ཀུན་གསལ་གྱིས་ ས་གནས་ནང་འགྱོ་ལྟ་བའི་སྐབས་ མི་སེར་ཚུ་གིས་ ཐིང་ངེ་བསྡུ་ཚར་ཏེ་ ཚོང་པ་ལ་ལོ་ཅིག་གིས་ ཐིང་ངེ་ཚུ་ ཕད་ཙི་ནང་འདེགས་ཏེ་ བསམ་གྲུབ་ལྗོངས་མཁར་ལུ་ བཙོང་པར་འབག་ནིའི་ གྲ་སྒྲིག་འབད་བའི་བསྒང་འདུག།
ས་གནས་ གནམ་ཐེ་ལས་ཨིན་མི་ དབང་འདུས་ཚེ་རིང་གིས་ སླབ་མིའི་ནང་ འཕྲལ་ཁམས་གཅིག་ཁར་ བསམ་གྲུབ་ལྗོངས་མཁར་ལུ་ ཐིང་ངེ་སྐམ་ཀེ་ཇི་༡,༠༥༠ དེ་ཅིག་ བཙོང་མི་དེ་གིས་ འོང་འབབ་དངུལ་ཀྲམ་༧༠༠,༠༠༠ ལྷགཔ་ཅིག་ཐོབ་ཅི་ཟེར་ དགའ་འཛུམ་དང་བཅསཔ་སྦེ་ ཀུན་གསལ་ལུ་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མ་ ཐིང་ངེ་དེ་ ལོ་ཐོག་དང་ བཟའ་འཐུང་ཅ་ཆས་ཚུ་དང་ བརྗེ་ཚོང་རྐྱབ་ནི་ནང་ ལག་ལེན་འཐབ་ཡོདཔ་མ་གཏོགས་ དེ་གིས་ དངུལ་གྱི་འོང་འབབ་བཟོ་ཚུགས་འོང་ཟེར་བའི་ མནོ་བསམ་མ་བཏང་ཟེར་ཨིན་པས།
ཐིང་ངེ་མཁོ་མངགས་འབད་མི་ ཡར་སེང་སོང་འགྱོ་མི་དང་འབྲེལ་ གོང་ཚད་ཡང་ ཡར་སེང་འགྱོ་དོ་ཡོདཔ་ད་ ས་གནས་ཀྱི་མི་སེར་ཚུ་གིས་ བསམ་གྲུབ་ལྗོངས་མཁར་མ་གཏོགས་ ཉེ་འདབས་ཀྱི་ས་གནས་ རྒྱ་གར་ཏ་ཝང་ལུ་ཡང་ བཙོང་ནི་མེད་ཟེར་ ས་གནས་ཀྱི་མི་སེར་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།

ཡ་ལང་། གནས་བརྟན་རྡོ་རྗེ།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *