ནོམ་བ་རིང་གཡུས་ཚན་གྱི་ མི་ཚུ་གིས་ ཡུལ་ལྷ་གསོལ་བའི་བསྒང་།

བཀྲིས་གཡང་རྩེ་ ནོམ་བ་རིང་གཡུས་ཚན་ནང་ ཡུལ་ལྷ་གསོལ་ནིའི་ལམ་སྲོལ་ ཉམས་ཉེན་གུ་ ལྷོད་ཡོདཔ།

༉ བཀྲིས་གཡང་རྩེ་ ཁམས་དྭངས་རྒེད་འོག་ ནོམ་བ་རིང་གཡུས་ཚན་ནང་ ཡུལ་ལྷ་གསོལ་ནིའི་ ལམ་སྲོལ་དེ་ ཉམས་ནི་གུ་ ལྷོད་ཡོདཔ་ཨིན་པས།
དེ་ཡང་ ལོ་བསྟར་བཞིན་དུ་ རང་ཟླ་༣ ཚེས་༡༠ ལུ་ ཞབས་དྲུང་སྐུ་མཆོད་དང་འབྲེལ་ ཡུལ་ལྷ་གསོལ་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༦༡ ལང་མི་ སྟོམ་པོ་གིས་ སླབ་མིའི་ནང་ ཡུལ་ལྷ་གསོལ་ནིའི་ ལམ་སྲོལ་དེ་ ནམ་ལས་འགོ་བཙུགས་ཡོདཔ་ཨིན་ན་ ཏན་ཏན་ཅིག་སྦེ་ མ་ཤེས་རུང་ ཕ་མའི་བསྒང་ལས་ར་ སྐྱེས་བཙན་འམ་ ཡུལ་ལྷ་ཟེར་ གསོལ་སྡོད་ནུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཡུས་ཁར་ ལྷ་གསོལ་སྐོར་ལས་ ཤེས་མི་གངམ་མེདཔ་ལས་ ལམ་སྲོལ་ཉམས་འགྱོ་ནི་གུ་ལྷོད་དེ་ཡོད་ཟེར་ཨིནམ་ད་ ཨ་ལོའི་སྐབས་ལུ་ ལོ་རྒྱུས་གོཝ་མ་གཏོགས་ མིག་གིས་མཐོང་མ་མྱོང་ཟེར་ ཨིན་པས།
ཡུལ་ལྷ་དེ་ ལྷ་སྲས་གཙང་མ་གིས་ བཞེངས་ཡོད་པའི་ གྱང་ཁོག་སྦེ་ཡོད་མི་ རྫོང་གི་སྦོ་ལོགས་ཁར་ གསོལ་དོ་ཡོདཔ་ད་ ས་གནས་ཀྱི་མི་ཚུ་གིས་ བང་ཅུང་ནང་ གཡུས་ཆུམ་གྱི་ལྟོ་དང་ ཆང་པ་ལང་རེ་འབག་སྟེ་ ཡུལ་ལྷ་གསོལ་དོ་ཡོདཔ་ཨིན་པས།
ཕ་ཇོ་བསྟན་འཛིན་གྱིས་ སླབ་མིའི་ནང་ ཡུལ་ལྷ་གསོལ་ནི་དེ་ ཁོ་རའི་ ཚེ་འདས་ཨ་པ་ མཆོད་རྟེན་གྱིས་ གསོལ་སར་མཐོང་ཡི་ཟེར་ཨིནམ་ད་ ད་རེས་ གསེར་སྐྱེམས་རེ་ བཏང་དོ་ཡོདཔ་མ་གཏོགས་ ཧེ་མ་བཟུམ་སྦེ་ ཡུལ་ལྷ་གསོལ་ནི་མིན་འདུག་ཟེར་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ ས་གནས་ཀྱི་མི་ཚུ་གིས་ ཡུལ་ལྷ་བྲག་བཙན་དམར་མོ་ལུ་ ལོ་ཕྱུགས་རྟག་ཏུ་ལེགས་ནི་དང་ ལོ་༡ གི་རིང་ འགལ་རྐྱེན་བར་ཆད་འབྱུང་མ་བཅུག་ཟེར་ ལོ་བསྟར་བཞིན་དུ་ ཡུལ་ལྷ་གསོལ་ནི་ཡོད་ཟེར་ཨིནམ་ད་ ལ་ལོ་ཅིག་གིས་ གསེར་སྐྱེམས་རྐྱངམ་གཅིག་ ཕུལ་བཞག་ནི་འདུག་ཟེར་ཨིན་པས།
གསེར་སྐྱེམས་དང་ བཙན་མ་གསོལ་བ་ཅིན་ གཡུས་ཚན་ནང་ ནད་རིམས་དང་ རི་དྭགས་སེམས་ཅན་ཚུ་ འཐོན་ནི་ཡོད་ཟེར་ མི་ཚུ་གིས་ ཡིད་ཆེས་བསྐྱེདཔ་ཨིན་པས།
ཡུལ་ལྷ་བྲག་གཙན་དམར་མོ་གིས་ དོག་གསུམ་ཡན་ཆད་ ཁམས་དྭངས་དང་ བཙན་མཁར་ལ་ དེ་ལས་ ནོམ་བ་རིང་གི་གཡུས་ཚན་ཚུ་ དབང་དུ་བསྡུ་ཡོདཔ་སྦེ་ གསེར་སྐྱེམས་དཔེ་ཆ་ནང་ལས་ འཐོན་ནི་འདུག་ཟེར་ ཕ་ཇོ་གིས་བཤད་པའི་ཁར་ ཡུལ་ལྷ་གསོལ་ནི་དེ་ བཀོག་མ་བཞག་ཟེར་ དཔེ་ཆ་ནང་ལས་ཡང་ འཐོན་ནི་འདུག་ཟེར་ཨིན་པས།
ས་གནས་ཀྱི་ མི་ཅིག་གིས་སླབ་མིའི་ནང་ ཡུལ་བཙན་མ་གསོལ་བ་ཅིན་ གཡུས་ཁར་ ཆརཔ་དང་སེརཝ་ལ་སོགས་པའི་ རང་བཞིན་གྱི་རྐྱེན་ངན་ཚུ་ འཐོན་ནི་ཡོད་ཟེར་ཨིནམ་ད་ ཨ་རྟག་དང་མ་འདྲ་བའི་ རླུང་འཚུབས་ཡང་ འཕུ་ནི་ཡོད་ཟེར་ཨིན་པས།
ཨིན་རུང་ བར་སྐབས་ཅིག་ལས་ ཡུལ་ལྷ་གསོལ་ནི་དེ་ བཤོལ་བཞག་དོ་བཟུམ་སྦེ་ མཐོང་ཡི་ཟེར་ གཡུས་མི་ཚེ་རིང་གིས་ བཤད་པའི་ཁར་ ན་ཧིང་ལས་ཚུར་ གཡུས་མི་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ ལོག་འགོ་བཙུགས་ཡི་ཟེར་ཨིན་པས།
ཡུལ་ལྷ་གསོལ་བའི་སྐབས་ ཡུལ་ལྷ་བྲག་བཙན་དམར་མོ་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ མོ་རའི་ དམག་དཔོན་གྱི་ཚུལ་ལུ་ ཕོ་རྒས་ཅིག་གི་ མགུ་ཏོ་གུ་ ཁ་ཤ་དཀརཔོ་ཅིག་དཀྱི་ཞིནམ་ལས་ རས་ཅུང་དང་ བཀབ་ནེ་ཁ་འཐབ་རྐྱབ་སྟེ་ དཔའ་རྟགས་གནམ་ཁར་འཕྱར་ དེ་ལས་ ཧུ་སྐད་རྐྱབ་སྟེ་ གཏོརམ་ཚུ་བཙན་གྱི་ ཕོ་བྲང་ཚུན་ཚོད་ བསྐྱལ་དགོཔ་ཨིན་པས།
སྐྱེས་ལོ་༤༩ ལང་མི་ ཡེ་ཤེས་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ཡུལ་ལྷ་གསོལ་བའི་སྐབས་ ནོམ་བ་རིང་གཡུས་ཚན་གྱི་ གུང་པ་ག་ར་ འཛོམས་དགོ་ཟེར་ཨིནམ་ད་ ཐ་ན་ གུང་པ་གཅིག་མ་ཚང་རུང་ ཤུལ་ལས་ མོ་བཏབ་རྩིས་བཏབ་འབད་བའི་སྐབས་ བཙན་ལུ་ གསོལ་ཁ་མ་ཕུལ་བས་ཟེར་ འཐོན་ནི་ཡོད་ཟེར་ཨིན་པས།
ཡུལ་ལྷ་གསོལ་ཚར་བའི་ཤུལ་ལས་ ཡ་མཚན་ཆེ་ཏོག་ཏོ་སྦེ་ ཆརཔ་རྐྱབ་ནི་ཡོད་ཟེར་ ཁོ་གིས་བཤད་པའི་ཁར་ ཡུར་བཙན་ལུ་ ཚོགས་དང་གསེར་སྐྱེམས་ཚུ་ ག་ཅི་ཕུལ་རུང་ ཧིང་སངས་ས་དང་ གཙང་ཏོག་ཏོ་སྦེ་ ཕུལ་དགོ་ཟེར་ཨིན་པས།
གཡུས་ཚན་ནང་ ཡུལ་ལྷ་གསོལ་ཤེས་མི་ ཕ་ཇོ་བསྟན་འཛིན་རྐྱངམ་གཅིག་ལས་བརྒལ་མེདཔ་ད་ ད་ལས་ཕར་ གཡུས་ཚང་གི་ གུང་པ་༤ བསྡོམ་ཞིནམ་ལས་ རྩ་བོ་བཟུང་སྟེ་ ཡུལ་ལྷ་གསོལ་ནིའི་ ལས་རིམ་བཟོ་ཡི་ཟེར་ ས་གནས་ཀྱི་མི་ཚུ་གིས་ སླབ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

 

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *