བཀྲིས་གཡང་རྩེ་རྫོང་བདག་ ཐུགས་རྗེ་ཚེ་རིང་དང་ ཇ་པཱན་གཞུང་གི་ ཕྱི་འབྲེལ་དོན་གཅོདཔ་ དཔལ་འབྱོར་དང་གོང་འཕེལ་བློན་པོ་ ཀེན་ཀོ་སཱོ་ནི་༢ ཀྱིས་ འདལ་ཤོག་བཟོ་ནིའི་ལྟེ་བ་ འགོ་འབྱེད་འབད་བའི་བསྒང་།

བཀྲིས་གཡང་རྩེ་ལུ་ འདལ་ཤོག་བཟོ་ནིའི་ལྟེ་བ་གིས་ དཔལ་འབྱོར་ལུ་ཕན་ཐོགས་འབྱུང་ནི།

༉ ཁ་ཙ་ བཀྲིས་གཡང་རྩེ་རྫོང་བདག་ ཐུགས་རྗེ་ཚེ་རིང་དང་ ཇ་པཱན་གཞུང་གི་ ཕྱི་འབྲེལ་དོན་གཅོདཔ་ དཔལ་འབྱོར་དང་གོང་འཕེལ་བློན་པོ་ ཀེན་ཀོ་སཱོ་ནི་༢ ཀྱིས་ རང་ལུགས་ཀྱི་ འདལ་ཤོག་བཟོ་ནིའི་ལྟེ་བ་ཅིག་ འགོ་འབྱེད་འབད་ཡི།
དེ་ཡང་ ཇ་པཱན་གཞུང་གིས་ ལས་འགུལ་དེའི་དོན་ལུ་ དངུལ་ཀྲམ་ས་ཡ་༤.༦༩ གྲོགས་རམ་ཐོག་ལས་ སྒྲིང་ཁྱིམ་དང་ ཅ་ཆས་ཚུ་ གཞི་བཙུགས་འབད་ཡོདཔ་ད་ གྲོགས་རམ་དེ་ཡང་ ཇ་པཱན་གྱི་ གྲོང་གསེབ་མི་སེར་ཉེན་སྲུང་ལས་འགུལ་གྱིས་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
བཀྲིས་གཡང་རྩེ་ཁྲོམ་ཁར་ དེ་བཟུམ་མའི་ ལྟེ་བ་གཞི་བཙུགས་འབད་མི་དེ་གིས་ གཡང་རྩེའི་ མི་སེར་ཚུ་གི་དཔལ་འབྱོར་གནས་སྟངས་ ལེགས་བསྒྱུར་འབད་ནི་ལུ་ ཕན་ཐོགས་ནི་ཨིནམ་ད་ ཧེ་མ་ལས་ཡོད་པའི་ རང་ལུགས་ཀྱི་ འདལ་ཤོག་ཉམས་སྲུང་འབད་ནི་དང་ ཡར་དྲག་གཏང་ནི་ལུ་ ཁེ་ཕན་འབྱུང་ནི་ཨིན་པས།
རྫོང་བདག་ཐུགས་རྗེ་ཚེ་རིང་གིས་ སླབ་མིའི་ནང་ བཀྲིས་གཡང་རྩེ་རྫོང་ཁག་ནང་ ཇ་པཱན་གཞུང་གིས་ གྲོགས་རམ་ལེ་ཤ་འབད་མིའི་གྲས་ལས་ གཅིག་ མཐུན་རྐྱེན་ལྟེ་བ་དེ་ཨིནམ་ད་ རང་ལུགས་ཀྱི་ཤོག་གུ་བཟོ་ནིའི་ལམ་སྲོལ་ ཡར་དྲག་གཏང་ནི་ལུ་ ཁེ་ཕན་འབྱུང་ནི་མས་ཟེར་ཨིན་པས།
ལྟེ་བ་དེ་ལུ་བརྟེན་ སྐྱེ་ལྡན་གནས་སྟངས་ཀྱི་ ལྟ་བཤལ་གོང་འཕེལ་གཏང་ནི་ལུ་ཡང་ ཁེ་ཕན་ཡོད་ཟེར་ ཁོ་གིས་བཤད་པའི་ཁར་ འོང་འབབ་བཟོ་ནི་དང་ ཐོན་སྐྱེད་ལག་ལེན་འཐབ་ནི་ དེ་ལས་ ལཱ་གཡོག་གི་གོ་སྐབས་ཚུ་ བཟོ་ཚུགས་ནི་མས་ཟེར་ཨིན་པས།
རང་ལུགས་ཀྱི་ འདལ་ཤོག་བཟོ་ནི་དེ་ འབུམ་སྡེ་གླིང་དང་ རིགས་གསུམ་དགོན་པའི་ ས་གནས་ཚུ་ནང་ ཡོངས་གྲགས་ཨིནམ་ད་ ཤོག་གུ་བཟོ་ནི་དེ་ ཕོ་མོ་༢ ཆ་ར་གིས་ ལཱ་འབད་དོ་ཡོདཔ་ཨིན་པས།
རྫོང་ཁག་བཟོ་རིག་འགོ་དཔོན་ལས་རོགསཔ་ རྣམ་རྒྱལ་བསྟན་འཛིན་གྱིས་ སླབ་མིའི་ནང་ ལས་འགུལ་དེ་ བཀྲིས་གཡང་རྩེ་ལུ་ གསརཔ་ཨིནམ་ད་ སྒྲིང་ཁྱིམ་བཟོ་སྐྲུན་འབད་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་༢,༣༢༩,༣༦༡ བཏང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཤོག་གུ་བཟོ་ནིའི་དོན་ལུ་ འདལ་ཤོག་བརྡུང་ནིའི་འཕྲུལ་ཆས་ལུ་ ཟད་འགྲོ་དངུལ་ཀྲམ་༣༠༠,༠༠༠ བྱིན་ཐོག་ལས་ མཁོ་སྒྲུབ་འབད་ཡི་ཟེར་ཨིནམ་ད་ ཤོག་གུ་སྐམ་ནིའི་འཕྲུལ་ཆས་ལུ་ དངུལ་ཀྲམ་༧༠,༠༠༠ བྱིན་ཡི་ཟེར་ཨིན་པས།
རྫོང་ཁག་གི་ འགོ་དཔོན་ཚུ་དང་འཁྲིལ་བ་ཅིན་ ཤོག་གུ་སྐམ་ནིའི་འཕྲུལ་ཆས་དང་ བརྡུང་ནིའི་འཕྲུལ་ཆས་དེ་ སྤྱི་ལོ་༢༠༠༦ ལས་ར་ གྲོགས་རམ་བྱིན་ཏེ་ཡོད་ཟེར་ཨིནམ་ད་ དེ་ཡང་ ཤོག་གུ་བཟོ་མི་ཚུ་ལུ་ ལཱ་འཇམ་ནིའི་དོན་ལུ་ཨིན་ཟེར་ བཤདཔ་ཨིན་པས།
རང་ལུགས་ཀྱི་ཤོག་གུ་བཟོ་མི་ སྡེ་ཚན་ཅིག་ཡོདཔ་བཞིན་དུ་ སྡེ་ཚན་གྱི་མིང་ཡང་ བཀྲིས་གཡང་རྩེ་ འདལ་ཤོག་སྡེ་ཚན་སྦེ་ བཞག་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༤ ལུ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ད་རེས་ འཐུས་མི་༡༥ ཡོདཔ་ཨིན་པས།
སྡེ་ཚན་གྱི་ཁྲི་འཛིན་ མགོན་པོ་གིས་ སླབ་མིའི་ནང་ ཧེ་མར་ ས་གོ་ལེགས་ཤོམ་ཅིག་མེད་ནི་དེ་གིས་ ཤོག་གུ་བཟོཝ་ད་ སྤུས་ཚད་དང་ལྡནམ་སྦེ་ བཟོ་མ་ཚུགས་ཟེར་ཨིནམ་ད་ ད་ལས་ཕར་ ཤོག་གུའི་སྤུས་ཚད་ལུ་ ཤུགས་བཏོན་ཚུགས་ནི་མས་ཟེར་ཨིན་པས།
རང་ལུགས་ཀྱི་ཤོག་གུ་བཟོ་སྟེ་ ལོ་ངོ་༢༠ ལྷག་དོ་ཟེར་ ཁོ་གིས་བཤད་པའི་ཁར་ ཧེ་མར་ ཤོག་གུ་བཟོཝ་ད་ གདོང་ལེན་ཅན་ཅིག་ཨིན་རུང་ ད་རེས་ འཕྲུལ་ཆས་གཞི་བཙུགས་འབད་ནི་དེ་གིས་ ལཱ་འཇམ་པའི་ཁར་ ལས་མི་ཡང་ མར་ཕབ་འབད་ཚུགས་ནི་མས་ཟེར་ཨིན་པས།
འཐུས་མི་ པདྨ་རིག་འཛིན་གྱིས་ སླབ་མིའི་ནང་ ས་གནས་ཀྱི་མི་ཚུ་ལུ་ ཇ་པཱན་ལས་ ཤོག་གུ་བཟོ་ནིའི་མཁས་མཆོག་ལས་ ཤོག་གུ་བཟོ་ནིའི་ སྦྱོང་བརྡར་ཐོབ་ཅི་ཟེར་ཨིནམ་ད་ ལོ་གཅིག་ནང་ ཐེངས་༢ རེ་ སྦྱོང་བརྡར་འབད་ཡི་ཟེར་ཨིན་པས།
ཀརྨ་ཀུན་བཟང་དབང་མོ་གིས་ སླབ་མིའི་ནང་ ད་རེས་ སྒྲིང་ཁྱིམ་དང་ མཐུན་རྐྱེན་ཐོབ་ནི་དེ་གིས་ སྐལ་བ་བཟང་ཡི་ཟེར་ཨིནམ་ད་ དེ་ལུ་བརྟེན་ འཚོ་བའི་གནས་སྟངས་ཡང་ བསྒྱུར་བཅོས་འགྱོ་ཚུགས་ནི་མས་ཟེར་ ཨིན་པས།
སྒྲིང་ཁྱིམ་ནང་ མཐུན་རྐྱེན་ཡང་ ཐོན་སྐྱེད་བཞག་ས་དང་ ཞལ་འཛོམས་ཁང་ དེ་ལས་ དོ་ཁང་དང་ འགྲེམས་སྟོན་ཁང་ཚུ་བཟོ་ཡོདཔ་མ་ཚད་ ཡིག་ཚང་ཡང་ རྐྱབ་ཡོདཔ་ཨིན་པས།
མཐུན་རྐྱེན་དེ་ལུ་བརྟེན་ འདལ་ཤོག་བཟོ་མི་ཚུ་གི་ ལཱ་འབད་ནིའི་གནས་སྟངས་ནང་ ཡར་དྲག་འགྱོ་ནི་ ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

 

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *