བཀྲིས་གཡང་རྩེ་ལུ་ ཞིང་སྟོང་བཞག་མིའི་མཐོང་སྣང་།

བཀྲིས་གཡང་རྩེ་ལུ་ ཞིང་སྟོང་བཞག་མི་ ཡར་སེང་འགྱོ་དོ་ཡོདཔ།

༉ བཀྲིས་གཡང་རྩེ་རྫོང་ཁག་ནང་ ས་ཞིང་སྟོངམ་སྦེ་ བཞག་མིའི་གྱངས་ཁ་ ཡར་སེང་སོང་མི་དེ་ལུ་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་ནུག།
དེ་ཡང་ མི་དང་རི་དྭགས་སེམས་ཅན་གྱི་བྲེལ་ཟིང་དང་ གྲོང་གསེབ་ནང་ ལས་མི་མ་ལང་པའི་དཀའ་ངལ་ དེ་བཟུམ་སྦེ་ སའི་ཆགས་ཚུལ་ལུ་བརྟེན་ཏེ་ཨིན་པས།
རྫོང་ཁག་སོ་ནམ་ལས་སྡེ་གིས་ ཐོ་བཀོད་བཞག་མི་ གནས་སྡུད་དང་འཁྲིལ་བ་ཅིན་ བཟའ་སྤྱོད་འབད་བཏུབ་པའི་ སྐམ་ཞིང་ཨེ་ཀར་༡༠,༤༦༨.༦༦༤ ཡོད་མི་ལས་ ཨེ་ཀར་༤,༥༦༣.༦༠༧ དེ་ཅིག་ སྟོངམ་སྦེ་ལུས་ཡོདཔ་ད་ ཆུ་ཞིང་ཨེ་ཀར་༢,༨༤༤.༧༠༩ ཡོད་མི་ལས་ ཨེ་ཀར་༨༢༡.༣༡༥ སྟོངམ་སྦེ་ལུས་ཡོདཔ་ཨིན་པས།
གནས་སྡུད་དང་འཁྲིལ་བ་ཅིན་ བཀྲིས་གཡང་རྩེ་ལུ་ སྤྱི་ལོ་༢༠༡༧ དང་༢༠༡༨ ཀྱི་བར་ན་ ས་ཞིང་སྟོངམ་བཞག་མི་ ཨེ་ཀར་༡༩,༦༢༦.༤༠༣ ཐོ་བཀོད་འབད་མི་ལས་ མཐོ་ཤོས་ར་ ཡ་ལང་རྒེད་འོག་ནང་ ཨེ་ཀར་༡༨༤༠.༧༧ དང་ དེའི་ཤུལ་ལས་ར་ སྟོད་ཚོ་རྒེད་འོག་ནང་ ཨེ་ཀར་༩༡༩.༠༢ ཡོད་མི་དེ་ཨིནམ་ད་ དམའ་ཤོས་ར་ གཡང་རྩེ་རྒེད་འོག་ནང་ཨིན་པས།
ས་གནས་ཀྱི་ འགོ་ཁྲིདཔ་ཚུ་དང་འཁྲིལ་བ་ཅིན་ ས་ཞིང་སྟོངམ་བཞག་དགོ་པའི་ གནད་དོན་གཙོ་བོ་ར་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བཀལ་མི་དང་ གུང་སྟོང་ཡར་སེང་སོང་མི་བརྟེན་ཏེ་ཨིནམ་ད་ ས་ཞིང་སྟོངམ་བཞག་མི་དེ་ ཚ་གྱང་ཆེ་བའི་གནད་དོན་ཅིག་ཨིན་ཟེར་ བཤདཔ་ཨིན་པས།
ཁམས་དྭངས་རྒཔོ་ ནོར་བུ་གིས་ སླབ་མིའི་ནང་ ས་ཞིང་སྟོངམ་བཞག་མི་ ཡར་སེང་སོང་མི་དེ་ཡང་ གྲོང་གསེབ་ལས་ ཁྲོམ་ཁར་ ལཱ་གཡོག་གི་གོ་སྐབས་དང་ མཐུན་རྐྱེན་ཚུ་ལུ་བལྟ་སྟེ་ གནས་སྤོ་འགྱོ་མི་དེ་གིས་ཨིནམ་ད་ ན་གཞོན་ཚུ་གིས་ ཞིང་ནང་ལཱ་འབད་བཏུབ་མི་ དེ་ཅིག་མིན་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ན་གཞོན་ག་ར་ ཁྲོམ་ཁར་གནས་སྤོ་འགྱོཝ་ད་ གཡུས་ཁར་ རྒན་རྒས་རྐྱངམ་གཅིག་ ལུསཔ་མས་ཟེར་ཨིནམ་ད་ ཁོང་གིས་ ཞིང་ནང་ལཱ་འབད་མ་ཚུགས་པའི་བསྒང་ལས་ རང་བཞིན་གྱིས་ ཞིང་སྟོང་ལུསཔ་མས་ཟེར་ཨིན་པས།
ཞིང་སྟོངམ་བཞག་མི་ ཡར་སེང་འགྱོ་བ་ཅིན་ གྲོང་གསེབ་ནང་ རང་མགོ་རང་འདྲོངས་སྦེ་སྡོད་ནི་ལུ་ ཐོ་ཕོག་ནི་མས་ཟེར་ ས་གནས་ཀྱི་འགོ་ཁྲིདཔ་ཚུ་གིས་ བཤད་པའི་ཁར་ དེའི་ཐབས་ལམ་ བསྒྲིག་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
སྟོད་ཚོ་རྒཔོ་ བདེ་ཆེན་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གཞུང་ལས་ ས་ཞིང་དང་འཁྲིལ་ ཞིང་རྨོ་འཕྲུལ་ པ་ཝར་ཊི་ལར་མངམ་སྦེ་ བཀྲམ་སྤེལ་འབད་བ་ཅིན་ ལས་མི་མ་ལང་པའི་དཀའ་ངལ་ བསལ་ཚུགས་ནི་མས་ཟེར་ཨིནམ་ད་ ཨེ་མ་ལ་སོགས་པ་ཚུ་ སྐམ་ནིའི་དོན་ལུ་ཡང་ འཕྲུལ་ཆས་གནང་པ་ཅིན་ དྲག་ནི་མས་ཟེར་ཨིན་པས།
ས་གནས་ཀྱི་འགོ་ཁྲིདཔ་ ལ་ལོ་ཅིག་གིས་ སླབ་མིའི་ནང་ ས་ཞིང་སྟོངམ་སྦེ་བཞག་མི་དེ་ ས་བཅུད་ཅན་མེདཔ་ལས་ ཐབས་མེད་པར་ སྟོངམ་བཞག་མི་ཡང་ཡོད་ཟེར་ཨིནམ་ད་ ཆུང་ཞིང་ལ་ལོ་ཅིག་ ཆུ་ལངམ་སྦེ་མེད་པའི་དཀའ་ངལ་ཡོདཔ་ད་ ཆུ་གཡུར་ལ་ལོ་ཅིག་ ཆུ་རུད་ཀྱིས་ འཕྱགས་བདའ་ནི་དེ་གིས་ ཨིན་ཟེར་ཨིན་པས།
སྐྱེས་ལོ་༨༣ ལང་མི་ ཨོམ་པོ་ལ་གིས་ སླབ་མིའི་ནང་ ཧེ་མ་ ཡ་ལང་རྒེད་འོག་ནང་ ས་ཞིང་སྟོངམ་མ་བཞག་པར་ ལོ་ཐོག་ཚུ་ བཏབ་ནི་ཡོད་ཟེར་ཨིནམ་ད་ ལོ་བསྟར་བཞིན་དུ་ ས་ཞིང་སྟོངམ་བཞག་མི་ ཡར་སེང་འགྱོཝ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་སེར་ཚུ་ ཞིང་ནང་བཏབ་ཡོད་པའི་ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་གིས་ ཚར་གཅིག་མེདཔ་བཏང་པ་ཅིན་ ལོ་ཐོག་ཚུ་ བཏབ་མི་བཏུབ་པས་ཟེར་ཨིན་པས།
བཀྲིས་གཡང་རྩེ་ལུ་ ས་ཞིང་ཧེག་ཊར་༡,༤༣,༤༩༦ ཡོད་ས་ལས་ ཧེག་ཊར་༩༩,༨༦༠ དེ་ཅིག་ ནགས་ཚལ་གྱིས་ཁྱབ་ཡོདཔ་ད་ རྒེད་འོག་མང་ཤོས་ར་ རི་དྭགས་སྲུང་སྐྱོབ་ས་ཁོངས་ནང་ ཚུད་ནི་དེ་གིས་ རི་དྭགས་སེམས་ཅན་གྱི་ དཀའ་ངལ་ཐོན་དོ་ཡོདཔ་ཨིན་པས།
ཨིན་རུང་ རྫོང་ཁག་སོ་ནམ་ལས་རོགས་ འཆི་མེད་གྲགས་པ་གིས་ སླབ་མིའི་ནང་ རྫོང་ཁག་བདག་སྐྱོང་གིས་ ས་ཞིང་སྟོངམ་བཞག་དགོ་པའི་ གནད་དོན་སེལ་ཐབས་ཀྱི་ ལཱ་ཚུ་འབད་དོ་ཟེར་ཨིནམ་ད་ རི་དྭགས་སེམས་ཅན་ཚུ་ལས་ བཀག་ཐབས་འབད་ནིའི་དོན་ལུ་ གློག་ཐག་ར་བ་དང་ ལས་མི་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་ པ་ཝར་ཊི་ལར་ཚུ་ རྒྱབ་སྐྱོར་འབད་དོ་ཟེར་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ རོང་ཆུ་ཆུང་ཀུ་ཚུ་ ཆུ་གཡུར་གཅིག་ནང་བསྡུ་སྟེ་ ཆུ་ཞིང་ཚུ་ནང་ ཆུ་ལངམ་སྦེ་ བཀྲམ་སྤེལ་འབད་ནིའི་ འཆར་གཞི་ཡོད་ཟེར་ རྫོང་ཁག་སོ་ནམ་ལས་རོགས་ཀྱིས་ བཤད་ཡོད་པའི་གནས་ཚུལ།

 

ཡ་ལང་། གནས་བརྟན་རྡོ་རྗེ།

 

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *