ཀེང་པའི་འབགཔ།

བཀྲ་ཤིས་གཡང་རྩེ་ མེ་ལོང་མཁར་གཡུས་ཚན་ནང་ཡོད་པའི་ ཀེང་འཆམ་གྱི་སྐོར།

རེས་གཟའ་ཉི་མའི་འཕྲོ་མཐུད།

དྲག་པོ་མེ་ལྷ་དྲང་སྲོང་གི་ཆོ་ག།
དེ་ལས་ཕྱི་ཁ་ལུ་ལྷོདཔ་ད་ བླམ་གིས་ མེ་ལྷ་དྲང་སྲོང་གི་ཕྱོགས་དེ་ ག་ཏེ་ལུ་ཕོགཔ་ཨིན་ན་ བལྟ་ཞིནམ་ལས་ མེ་ལྷ་དྲང་སྲོང་ཕྱོགས་དང་བསྟུན་ ལྷ་ཁང་ནང་ལས་ དྲག་པོ་མེ་ལྷ་གི་གཏོརམ་བཞེངས་ཡོད་མི་དེ་ ཕྱི་ཁར་བཏོན་འབགཔ་དང་གཅིག་ཁར་ ལྷ་ཁང་ནང་ཡོད་པའི་ ཆོསཔ་དང་ ཀེང་པ་ དེ་ལས་ མི་ཚུ་ཡང་ གཏོརམ་གི་རྟིང་ཤུལ་བདའ་སྟེ་ ཕྱི་ཁར་འཐོན་འགྱོཝ་ཨིན་པས།
ཆོསཔ་ཚུ་གིས་ སྐྱབས་སེམས་ཡན་ལག་བདུན་པ་ལས་འགོ་བཙུགས་ གཡུས་འདི་ནང་གནས་པའི་ གཡུས་ལྷ་གཞི་བདག་ཚུ་ལུ་ སྡེ་བརྒྱད་གསེར་སྐྱེམས་ཀྱི་ མཆོད་པ་ཕུལ་ དྲག་པོ་མེ་ལྷའི་གཏོརམ་གུ་ ཀེང་པ་གཅིག་གིས་ མེ་སྤར་ཞིནམ་ལས་ དྲང་སྲོང་མེ་ལྷ་གི་ ཆོ་གའི་ཚིག་དང་འཁྲིལ་ བླམ་དང་ ཀེང་པ་ཚུ་གིས་ ཨེ་ཏོག་མེ་ཏོག་ཤིང་གི་ པགས་ཀོ་ཕྱེ་འཐག་ཡོད་པའི་ ཧའུ་ཟེར་མི་ཕྱེ་དེ་ མེ་གུ་བླུགསཔ་དང་གཅིག་ཁར་ ཁ་ལས་ཡང་ ཧུ་ཧུ་ཟེར་བའི་ ཕྱྭ་དང་ཧུ་ སྦྱི་སི་ཚུ་རྐྱབ་སྟེ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་གི་རིང་ འབད་བའི་ཤུལ་ལུ་ ཆོསཔ་ཚུ་གིས་ དྲང་སྲོང་མེ་ལྷའི་ཆོ་ག་ བཀྲ་ཤིས་དང་བཅས་མཇུག་བསྡུཝ་ཨིན་པས།
འདི་གི་ཤུལ་ལུ་ བླམ་དང་ཆོསཔ་ཚུ་ ལོག་ལྷ་ཁང་ནང་བྱོན་ཏེ་ མགོན་པོ་མ་ནིང་གི་ གསོལ་མཆོད་གཏོར་བཤགས་གུ་ མཚམས་བཞག་མི་དེ་ འཕྲོ་འཐུད་བཏང་ཏེ་ བཀྲ་ཤིས་དང་བཅསཔ་སྦེ་ མཇུག་བསྡུ་ཞིནམ་ལས་ ངལ་གསོ་དང་འདྲཝ་སྦེ་ གསོལ་ཇ་བཞེས་ཏེ་ བཞུགསཔ་ཨིན་པས།
ཀེང་པ་ཆ་ཁྱབ་ལུ་ཡང་ ཐབ་ཚངཔ་ཚུ་གིས་ དམག་ཆང་ཟེར་ ཆང་ཕོརཔ་གང་རེ་བྱིན་ ཀེང་པ་ཆ་ཆར་པ་ཟེར་ ཨ་ལོ་ཆུང་ཀུ་སྡེ་ཚན་དང་ བར་ཆར་པ་ཟེར་ ན་གཞོན་སྡེ་ཚན་ དེ་ལས་ ལྔཔོ་དར་པ་ཟེར་ རྒན་ཤོས་སྡེ་ཚན་ཚུ་ སོ་སོར་ཕྱེ་སྟེ་ ཁག་༣ བཟོཝ་ཨིན་པས།
ཐབ་ཚངཔ་ཚུ་གི་གྲལ་ལས་ ཀེང་པ་བདག་འཛིན་འཐབ་མི་ དོ་དམ་དང་ ཤིང་པགས་ཀྱིས་བཟོ་མི་ ཧའུ་མེ་གུ་བླུགས་མི་ཅིག་ དེ་ལས་ ཟ་དྲེ་ཁ་བསྒྱུར་གྱི་གཏོར་མ་འབག་མི་ཚུ་ ཕོག་རི་དང་འཁྲིལ་ འགན་ཁུར་བཀལཝ་ཨིན་པས།
གཡུས་བཤལ་རྐྱབ་སྟེ་ བགེགས་བདའ་ཚུལ།
གོ་རིམ་ཚུ་བཟོ་ཚར་ཞིནམ་ལས་ ཀེང་པ་དང་ ཟ་དྲེ་ཁ་བསྒྱུར་གྱི་ གཏོརམ་དང་ ཧའུ་འབག་མི་ཚུ་ ལྷ་ཁང་ནང་འཁྱིད་ ཆོསཔ་རོལམོ་བརྡུང་མི་ རྔ་བརྡུང་མི་ འབྲུ་སྣ་འབག་མི་ བཀྲ་ཤིས་འབྲུ་གཏོར་མི་ཚུ་ གཅིག་ཁར་སྡོདཔ་དང་འབྲེལ་ ལས་རིམ་དེ་ལུ་ རྐྱེན་ངན་བར་ཆད་ མི་འབྱུང་ནིའི་དོན་ལུ་ བླམ་གིས་ བཀའ་བསྒོ་དང་ དབང་ ཐུགས་སྨོན་ ཞལ་བཀོད་ཚུ་གནངམ་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ བླམ་གི་བཀའ་བཞིན་ ཁྱིམ་བཤལ་རྐྱབ་སྟེ་ བགེགས་བདའ་ནི་ འགོ་བཙུགསཔ་ཨིན་པས།
གཡུས་བཤལ་འགྱོ་ཐངས་ཀྱི་ རིམ་པ་དེ་ཡང་ ཧེ་མ་ར་ ཟ་འདྲེ་ཁ་བསྒྱུར་གི་གཏོརམ་ འདི་གི་ཤུལ་ལས་ རོལམ་བརྡུང་མི་ རྔ་བརྡུང་མི་ འཆམ་གྱི་དོ་དམ་ འཆམ་རྐྱབ་མི་ ཁག་གསུམ་ ཧའུ་འབག་མི་ འབྲུ་སྣ་འབག་མི་ མཇུག་ར་ བཀྲ་ཤིས་འབྲུ་གཏོར་མི་ཚུ་ འགྱོཝ་ཨིན་པས།
ཀེང་འཆམ་རྐྱབ་མི་ཚུ་འབད་བ་ཅིན་ དང་པ་ར་ཆ་ཆར་པ་ཟེར་ ཨ་ལོ་ཆུང་ཀུའི་སྡེ་ཚན་ དེ་ལས་ བར་ཆར་པ་ཟེར་ ན་གཞོན་སྡེ་ཚན་ བར་ནང་ལུ་ ལྔཔོ་དར་པ་ཟེར་ རྒན་ཤོས་སྡེ་ཚན་གྱིས་ ཤུལ་ལས་སྦེ་ ཁྱིམ་ནང་ གོ་རིམ་བཞིན་དུ་འཛུལ་ཏེ་ ཁྱིམ་ནང་གི་ མི་ཚུ་ལུ་ ཧོད་ཏ་ ཧོད་ཏ་ཟེར་བའི་ ཚིག་ཚུ་སླབ་སྟེ་ ཡར་འཐུ་མར་བཞག་འབད་ ཚར་གསུམ་རེ་འབད་ནི་ ཡོདཔ་མ་ཚད་ དེ་སྐབས་ ངོ་ཚ་བའི་བཙོག་གཏམ་ཚུ་ཡང་ ལེ་ཤ་སླབ་ཨིན་པས།
གཡུས་མི་རྒན་ཤོས་ཚུ་གིས་ འབད་བ་ཅིན་ འདི་བཟུམ་འབད་དགོ་མི་དང་ བཙོག་གཏམ་ཚུ་སླབ་མི་དེ་ ཁྱིམ་འདི་ནང་གི་མི་ཚུ་ ལུས་ངག་ཡིད་གསུམ་གྱི་ ལས་སྒྲིབ་དག་བཅུག་ནི་དང་ ཁ་རམ་ཟེར་ མི་ཁ་ཕོག་མི་ཚུ་ བཟློག་ཐབས་ལུ་ ལྷག་པར་དུ་ཡང་ ལོ་གཅིག་གི་ རྐྱེན་ངན་བར་ཆད་ བཟློག་ཐབས་ལུ་ཨིན་ ཟེར་ཨིན་པས།
ཀེང་པ་ཆ་ཁྱབ་ཀྱིས་ རང་སོའི་ཁམ་དང་བསྟུན་ ཇ་ ཆང་ མངར་ཆུ་ཚུ་ ལྷང་ནི་དང་ ཁྱིམ་གྱི་གཙོ་ཅན་གྱིས་ ལྷག་བསམ་རྣམ་དག་གི་སྒོ་ལས་ བྱིནམ་ཨིན་པས།
འདི་གི་ལེན་ལུ་ ཀེང་པ་ཚུ་གིས་ ཇ་ ཆང་ མངར་ཆུ་ཞིམ་མས་ ཁྱོད་དང་ཁྱོད་ཀྱི་བཟའ་ཚང་ནང་ ལོ་གཅིག་གི་ རྐྱེན་ངན་ཚུ་བཟློག་ཅིག་ཟེར་ སྐད་རྐྱབ་སྟེ་ ཐོན་འགྱོཝ་ཨིན་པས།
དེ་གི་ཤུལ་ལས་ བགེགས་བདའ་མི་ཚུ་གིས་ གོ་རིམ་སྒྲིག་སྟེ་ བགེགས་བདའཝ་ཨིན་མས།
ལས་རིམ་དེ་ ཁྱིམ་གུང་པ་རེ་རེ་བཞིན་དུ་ནང་ སྐོར་ར་རྐྱབ་འགྱོཝ་ད་ དྲོ་པ་ཆུ་ཚོད་༢ དེ་ཅིག་ཁར་ གཡུས་ཀྱི་སྦུག་ནང་ ལྷོདཔ་ཨིན་པས།
གཡུས་སྦུག་ནང་སྡོད་མི་ཚུ་གིས་ ལྡན་ཆང་ཟེར་ ཇ་ ཆང་ འཐུགཔ་ཚུ་བཟོ་སྟེ་ སྒུག་སྡོད་དེ་ ཀེང་པ་ཆ་ཁྱབ་དང་ བགེགས་བདའ་མི་ཚུ་ལྷོདཔ་ད་ ཁྱིམ་གྱི་ཕྱི་ཁར་ གདོང་གཡུས་མཇུག་ལུ་སྒོར་ རྡོ་གསུམ་བརྩེགས་ཞིནམ་ལས་ འགག་བསྡམ་ཟེར་ འབད་སྲོལ་འདུག།

ཀེང་པ།

ཆོསཔ་ཚུ་གིས་ གོང་ལུ་བཏང་མི་ དྲག་པོ་མེ་ལྷའི་མཚམས་བཅད་ཀྱི་ཆོ་ག་བཏང་ ཀེང་པ་ཆ་ཁྱབ་ སྒོར་སྒོརམ་འབད་སྡོད་དེ་ མཚམས་བཅད་ཀྱི་ ཚིག་དང་འཁྲིལ་ཏེ་ འཆམ་རྐྱབ་ སྐད་རྐྱབ་ སྦྱི་སི་འཕུ་འབད་ནི་འདུག། འགག་བསྡམས་ཟེར་ འབད་དགོ་མི་དེ་ བླ་མ་ནོར་བུ་རྒྱ་མཚོའི་ལས་བྱང་ནང་ལས་ ཧཱུྃ༑ ང་ནི་ཡེ་ནས་ངང་གིས་ཁྲོ༔ མཚམས་གཅོད་ཁྲོ་བོས་ནམ་མཁའ་གང༔ བགེགས་འདུལ་ཁྲོ་བོའི་རོལ་མཚམས་ལས༔ སུ་ཡང་འདའ་བར་མ་བྱེད་ཅིག །ཟེར་གསུངས་དོ་བཟུམ་སྦེ་ གདོན་བགེགས་འབྱུང་པོ་ཚུ་གི་ རྣམ་ཤེས་བསྒྲལ་ཏེ་ དག་པ་ཆོས་ཀྱི་དབྱིངས་སུ་ སྤར་ཡོད་མི་ལས་ ལོག་འོང་མ་ཆོག་པའི་ བརྡ་རྟགས་བཀལ་བའི་རྟགས་ཨིན་པས།
ཀེང་པ་སྡེ་ཚན་༣ དང་ ལས་རིམ་དེ་ནང་ བཅའ་མར་གཏོགས་མི་ཚུ་ ཁྱིམ་ནང་འཛུལ་ཞིནམ་ལས་ བླམ་ཆོསཔ་ཚུ་གིས་ གཡུས་ལྷ་གཞི་བདག་ཚུ་ལུ་ ཆང་ཕུད་གཏོར་ ཀེང་པ་གཉིས་ཀྱིས་ གཅིག་ཨ་རྒས་བཟོ་ གཅིག་ཨང་རྒས་བཟོ་སྟེ་ ཧེ་མའི་ལོ་རྒྱུས་དང་ བཙོག་གཏམ་ཚུ་སླབ་སྟེ་ བགོད་བྲོ་བསྒྱུར་ཐོག་ལས་ ལྟོ་ཟ་ ཇ་ ཆང་ འཐུགཔ་འཐུང་འབད་དེ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་གི་རིང་སྡོདཔ་ཨིན་པས།
ད་རུང་ སྡེ་ཚན་ཚུ་གིས་ རང་སོའི་ལཱ་འགན་ཚུ་འབག་སྟེ་ ཁྱིམ་ལྷག་ལུས་ཚུ་ནང་འགྱོ་དོ་ཡོདཔ་ད་ དྲོ་པ་ཆུ་ཚོད་༤ དེ་ཅིག་ཁར་ གཡུས་མཇུག་ལུ་ ལྷོད་དོ་ཡོདཔ་ཨིན་མས།
གཡུས་མཇུག་ལུ་ལྷོད་ཞིནམ་ལས་ ཟ་འདྲེ་ཁ་བསྒྱུར་གྱི་གཏོརམ་དེ་ ཁོ་རའི་རྒྱུ་ལམ་དང་འཁྲིལ་ ཁ་སྒོར་བཞིནམ་ལས་ ཀེང་པ་ཆ་ཁྱབ་ཀྱིས་ བཙོག་གཏམ་འདྲ་མིན་སྣ་ཚོགས་དང་གཅིག་ཁར་ ང་བཅས་ལྷ་དཀརཔོ་རྒྱལ་ལོ་ ཁྱེད་འདྲེ་གནགཔོ་ཕམ་སོང་ཟེར་ ཚར་གསུམ་སླབ་ འདི་གི་ཤུལ་ལས་ ཆོསཔ་ཚུ་གིས་ དྲག་པོ་མེ་ལྷ་འི་མཚམས་གཅད་ཀྱི་ ཆོ་ག་བཏང་ འབྲུ་སྣ་ལྷག་ལུས་ཚུ་བླུགས་ བཀྲ་ཤིས་ཕབ་སྟེ་ ནུབ་མོ་གཅིག་གི་ ལས་རིམ་དེ་ མཇུག་བསྡུཝ་ཨིན་པས།
ཚེས་བཅུ་ཐམ་གྱི་ ཆོ་གའི་ལས་རིམ།
དེ་ལས་ དེ་གི་ནངས་པར་ ཡར་ངོའི་ཚེས་༡༠ ལུ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གི་ དུས་བཟང་ཁྱད་པར་ཅན་དང་འབྲེལ་ དྲོ་པ་ལྷ་བསང་ལས་འགོ་བཙུགས་ པད་གླིང་བླ་མ་ནོར་བུ་རྒྱ་མཚོའི་ ཆོ་གའི་ཚེས་བཅུ་དང་ དཔལ་མགོན་མ་ནིང་ནག་པོའི་གསོལ་ཁ་ཚུ་ ཉིནམ་གཅིག་གི་རིང་ བཏང་དོ་ཡོདཔ་ད་ དེ་གི་སྐབས་ལུ་ གཡུས་མི་ཚུ་ཡང་ དྲོ་པ་ལས་ རང་སོའི་ཁྱིམ་ནང་ལས་ ཉིན་མའི་ལྟོ་ཚུ་ བཅིངས་འབག་སྟེ་ ཚེས་བཅུ་མཇལ་ནི་དང་འབྲེལ་ སྨོན་ལམ་བཏབ་པར་འཛོམས་ཨིན་པས།
དེ་ལས་ ཚེས་བཅུ་གྲོལ་ཞིནམ་ལས་ ཐབ་ཚངཔ་ཚུ་གིས་ ཆོསཔ་ཚུ་དང་ འདི་ཁར་འཛོམས་མི་སེར་ཚུ་ལུ་ ཕྱི་རུའི་ཚོགས་དྲང་ ཇ་ཆང་གི་ རིམ་པ་དང་ ཞབས་ཁྲ་གི་རིམ་པ་ཚུ་ གོ་རིམ་བཞིན་དུ་བཙུགས་ཏེ་ སྤྲོ་བ་སྟོནམ་ཨིན་པས།
ཚེས་བཅུ་གཅིག་གི་ལས་རིམ།
ཚེས་༡༡ ལུ་འབད་བ་ཅིན་ ཞག་ཆང་ཟེར་ མི་སེར་ཚུ་ག་ར་ ལྷ་ཁང་ནང་འཛོམས་ཏེ་ ཉིནམ་གཅིག་གི་རིང་ བཟའ་འཐུང་གི་རིགས་ ལྷག་ལུས་མི་ཚུ་ཟ་སྦེ་ སྤྲོ་བ་སྟོན་པའི་ཁར་ ཐབ་ཚངཔ་ གསར་བགྲེས་གཉིས་ དུས་ཅི་ཕོག་མི་ཐབ་ཚངཔ་དང་ སང་ཕོད་ཀྱི་ ཐབ་ཚངཔ་གསརཔ་གཉིས་ཀྱི་བར་ན་ རྩིས་སྤྲོད་ལེན་གྱི་ རིམ་པ་ཚུ་ཡང་ འབདཝ་ཨིན་པས།
དེ་གི་སྐབས་ལུ་ ཐབ་ཚངཔ་བགྲེསཔ་ཚུ་གིས་ ཐབ་ཚངཔ་གསརཔ་ཚུ་ལུ་ སང་ཕོད་ཁྱེད་ཆ་ཁྱབ་ཀྱིས་ ལེགས་ཤོམ་སྦེ་ འབད་འོང་མནོ་བའི་རེ་བ་སྦོམ་ཡོད་ཟེར་ སླབ་ཐོག་ལས་ ཚེས་བཅུ་གི་ སྐབས་བཞེངས་མི་ ཚོགས་གཏོར་རེ་རེ་ བྱིན་དོ་ཡོདཔ་ད་ ལེན་མི་འདི་གིས་ཡང་ ལགས་སོ་བཀའ་དྲིན་ཆེ་ དུས་ཅི་ རྐྱེན་ངན་བར་ཆད་ཚུ་ ག་ནི་ཡང་མེད་པར་ ལེགས་ཤོམ་སྦེ་ མཇུག་བསྡུ་ཡི་ དུས་ཅི་ ཁྱེད་ཆ་ཁྱབ་ཀྱིས་ ཕྱག་ཞུ་དོ་བཟུམ་སྦེ་ར་ སང་ཕོད་ ང་བཅས་ཀྱིས་ཡང་ ཕྱག་ཞུ་ནི་གི་རེ་བ་དང་ སྨོན་ལམ་ཡོད་ཟེར་སླབ་སྟེ་ ཚོགས་གཏོར་དེ་ ལེན་སྲོལ་འདུག།
འདི་བཟུམ་གྱི་ སྔར་སྲོལ་བཟང་པོའི་ ཕ་ལས་བུ་ལུ་བརྒྱུད་པའི་ལས་རིམ་དེ་ དེང་སང་གི་ འགྱུར་བ་དང་བསྟུན་ མར་ཉམས་འགྱོ་ནིའི་ ཉེན་ཁ་ཡོདཔ་ལས་ མ་འོངས་བུ་བརྒྱུད་ཚུ་གིས་ བདག་འཛིན་འབད་དགོཔ་དེ་ གལ་ཆེ་ནི་མས་ཟེར་ ཞུ་ནི་ཨིན་ནོ།།

བསྟན་འཛིན་ནོར་བུ། 
ཁག་བགཔ་སློབ་དཔོན་ ཀུན་གསལ་ཕོ་བྲང་སློབ་གྲྭ་ཆུང་བ།
ཐིམ་ཁྲོམ།

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *