བཀྲ་ཤིས་གཡང་རྩེ་ མེ་ལོང་མཁར་གཡུས་ཚན་ནང་ཡོད་པའི་ ཀེང་འཆམ་གྱི་སྐོར།

མཆོད་བརྗོད།

༉ དྲི་མེད་གསལ་ཞིང་དྭངས་པའི་ཞིང་མཆོག་ནས། །མཁྱེན་པའི་དབང་ཕྱུག་འགྲོ་ལ་ཐུགས་བརྩེ་ཅན། །ཕྱག་གི་རལ་གྲིས་བདག་ལ་དབང་བསྐུར་ནས། །མཁྱེན་རྒྱ་ཆེ་བའི་ཤེས་རབ་བདག་ལ་སྩོལ། །ཟེར་དང་། རིག་པའི་གནས་སྦྱངས་འཆད་རྩོད་རྩོམ་ལ་མཁས། །སྒོམ་པའི་རྩལ་ཐོབ་གྲུབ་པའི་ས་ལ་གཤེགས། །དུར་ཁྲོད་འདྲེ་བཏུལ་རྒྱ་བལ་བོད་ཀྱི་ཡུལ། །སྙན་པའི་གྲགས་འཛིན་ཨོ་རྒྱན་པདྨར་འདུད། ། ཟེར་བའི་ཚིག་གིས་ ཤེས་རབ་ཀྱི་ལྷ་མཆོག་ རྗེ་བཙུན་འཇམ་དཔལ་དབྱངས་དང་ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ པདྨ་འབྱུང་གནས་ལུ་ རྒྱས་པའི་མེ་ཏོག་འཐོར་ཏེ་ ལམ་སྲོལ་དང་འབྲེལ་བའི་ ལོ་རྒྱུས་ཚུ་ བྱུང་ཡོདཔ་ཨིན།

ང་བཅས་རའི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ དུས་རབས་༧ པའི་ནང་ འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱོན་ཏེ་ ཕྱག་འཚལ་མཆོད་འབུལ་གྱི་རྟེན་ ལྷ་ཁང་གཉིས་བཞེངས་ཏེ་ སེམས་ཅན་ཚུ་ལུ་ ཆོས་འགོ་དང་པ་ གསལ་བཏབ་གནང་པའི་ཤུལ་ དུས་རབས་༨ པའི་ནང་ སངས་རྒྱས་གཉིས་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་བྱོན་ཏེ་ འདྲེ་སྲིན་གདུག་པ་ཅན་ཚུ་ བཏུལ་གནང་ནུག།

དེ་ལས་ རི་བྲག་མཚོ་གསུམ་ག་རའི་ནང་ ཆོས་ནོར་དམ་རྫས་ཀྱི་ གཏེར་ཁ་ཚུ་སྦས་ཏེ་ གསང་སྔགས་རྡོ་རྗེ་ཐེག་པའི་ ཆོས་ཀྱི་ཞིང་ཁམས་ལུ་ ཁ་བསྒྱུར་གནང་ཡོདཔ་ཨིན། ལྷག་པར་དུ་ དུས་རབས་༡༧ པའི་ནང་བྱོན་མི་ འཕགས་པ་སྤྱན་རས་གཟིགས་དང་ སངས་རྒྱས་གཉིས་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གཉིས་ཀྱི་ ཐུགས་ གཉིས་སུ་དབྱེར་མ་ཕྱེས་པའི་རྣམ་འཕྲུལ་ དཔལ་འབྲུག་པ་རིན་པོ་ཆེ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་བྱོན་ཏེ་ རང་ལུགས་དཔལ་ལྡན་འབྲུག་པའི་ ཆོས་དང་ ལམ་སྲོལ་བཟང་པོ་ལེ་ཤ་ཅིག་ གཞི་བཙུགས་མཛད་གནང་ནུག།

དུས་འདི་ལས་ཚུར་ ལུང་བསྟན་དུས་ལུ་བབས་པའི་ ཆོས་རྒྱལ་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ཚུ་ རིམ་པ་བཞིན་དུ་བྱོན་ཏེ་ རྒྱལ་སྲིད་ཆོས་བཞིན་བསྐྱངས་གནང་བའི་ བཀའ་དྲིན་ཁོ་ན་ལུ་བརྟེན་ ད་ཚུན་ མི་ལོ་༤༠༠ ལྷག་ཙམ་གྱི་རིང་ ང་བཅས་མི་སེར་ཚུ་ དཔྱེ་གཏམ་ལས་ གངས་བར་ནང་གི་ཆུ་འཐུང་། །སྤྲིན་བར་ནང་གི་ཉིམ་བསྲོ། །ཟེར་དོ་བཟུམ་སྦེ་ དགའ་སྐྱིད་ཀྱི་ངང་ལུ་ སྡོད་ནི་གི་ གོ་སྐབས་བཟང་པོ་ཐོབ་ཡོདཔ་ཨིན།

ཨིན་རུང་ དེང་སང་ རྒྱལ་ཁབ་ཡར་རྒྱས་ཀྱི་ འགྱུར་བ་དང་ མིའི་མནོ་ལུགས་ འདྲ་མིན་སྣ་ཚོགས་ལུ་བརྟེན་ རྒྱལ་ཁབ་ནང་ཡོད་པའི་ ལམ་སྲོལ་བཟང་པོ་ཚུ་ ཉམས་འགྱོ་ནིའི་ ཉེན་ཁ་སྦོམ་ཡོདཔ་ལས་ དེའི་ཕན་ཐབས་ལུ་དམིགས་ཏེ་ ལམ་སྲོལ་དང་འབྲེལ་བའི་ ཞིབ་འཚོལ་བསྡུ་སྒྲིག་འབད་ཡོདཔ་ཨིན།

ལམ་སྲོལ་ལུ་ཡང་ ནང་གསེས་ཀྱི་དབྱེ་བ་ དངོས་ཅན་གྱི་ལམ་སྲོལ་ རྫོང་གཞིས་དང་ ལྷ་ཁང་ དགོན་སྡེ་ གནས་ མཆོད་རྟེན་ མ་ཎི་དུང་འཁོར་ དེ་ལས་ ཆུ་འཁོར་མ་ཎི་ལ་སོགས་པ་ཚུ་དང་ དངོས་མེད་ཀྱི་ལམ་སྲོལ་ འཆམ་དང་ ཞབས་ཁྲ་ སྲུང་ རྩང་མོ་ བློ་ཟེ་ དཔྱེ་གཏམ་ཟེར་ དབྱེ་བ་ལེ་ཤ་ཡོད་པའི་གྲས་ལས་ ད་རིས་ཀྱི་བརྗོད་གཞི་དེ་  འཆམ་གྱི་སྐོར་ལས་ཨིན།

སྤྱིར་བཏང་འཆམ་ལུ་ ནང་གསེས་ཀྱི་དབྱེ་བ་ གཤིན་རྗེ་ཡབ་ཡུམ་ལས་འགོ་བཙུགས་ དགྲ་མེད་རྩེའི་རྔ་འཆམ་ ཤཝ་ཤ་ཁྱི་ དཔའ་འཆམ་ དུར་བདག་ ཤ་རྫམ་ ཁྱུང་རྫམ་ གིང་ ཚོགས་གླིང་ པད་གླིང་གིང་གསུམ་ ཕོ་ལེགས་མོ་ལེགས་ ཨ་ཙ་རྱའི་འཆམ་ གཏུམ་རྔམ་ གུ་རུ་མཚན་བརྒྱད་ རིགས་མ་བཅུ་དྲུག་ སྡེ་བརྒྱད་འཆམ་ ལས་མགོན་ ལྷ་མོ་གཙོ་འཁོར་དང་ མགོན་དབང་སྒྲུབ་ཆོག་ཟེར་ དབྱེ་བ་ལེ་ཤ་ཡོད་པའི་གྲས་ལས་ ང་བཅས་ཀྱི་ གཡུས་ཁ་ལུ་ ལོ་བསྟར་བཞིན་དུ་ ཟླཝ་༦ པའི་ནང་ ཀེང་ཟེར་མི་འཆམ་དེ་ རྐྱབ་དོ་ཡོདཔ་ཨིན།

ཤར་ཕྱོགས་འཁོར་ལོ་རྩིབས་བརྒྱད་ཀྱི་ནང་གསེས་ བཀྲ་ཤིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་འོག་ མེ་ལོང་མཁར་གཡུས་ཚན་དེ་ མོན་རྟ་ཝང་དང་ འབྲུག་པའི་ས་མཚམས་ཁ་ལུ་ ཆགས་ཡོདཔ་ལས་ གཡུས་ཚན་དེ་ནང་ ཁྱིམ་གུང་པ་༢༥ དང་ མི་རློབས་༡༧༥ ལྷགཔ་ཅིག་ཡོདཔ་ཨིན།

གཡུས་ཚན་ནང་ མི་རབས་ལེ་ཤ་ཅིག་གི་ཧེ་མ་ལས་ དར་ཡོད་པའི་ གཞན་དང་མ་འདྲ་བའི་ ཁྱད་ཆོས་སམ་ ལམ་སྲོལ་བཟང་པོ་དེ་ ལོ་བསྟར་བཞིན་དུ་ རང་ཟླ་༦ པའི་ཚེས་༩ ལུ་ མི་མང་ལུ་ མཇལ་ཁ་གནངམ་ཨིན་མས།

ཀེང་འཆམ་དར་ཚུལ།

སྤྱིར་བཏང་འཆམ་དེ་ འབྱུང་རབ་དར་སྲོལ་སྐོར་ ཁུངས་གཏུགས་ཀྱི་ཡིག་ཆ་མེད་རུང་ གཡུས་མི་རྒན་ཤོས་ཚུ་གིས་ ངག་རྒྱུན་ལས་སྦེ་ བརྒྱུད་དེ་འོང་མིའི་ ཐོས་གྱུར་གྱི་ ལོ་རྒྱུས་དང་ ལག་ལེན་འཐབ་སྲོལ་ཡོད་མི་ཚུ་ལུ་ གཞི་གཏད་འབད་ཡོདཔ་ཨིན།

ཀེང་འཆམ་དེ་ དུས༌རབས༌༨ པའི༌ནང༌ ལྕགས་མཁར་རྒྱལཔོ་ སིནྡྷུ་ར་ཛ་དང་ རྒྱལཔོ་སྣ་བོ་ཆེ་གཉིས་ ཕན་ཚུན་ ང་རྒྱལ་དང་ ཕྲག་དོག་གིས་ ཁེངས་སེམས་སྦོམ་བསྐྱེད་དེ་ མ་འགྲིགས་པར་ རྒྱལཔོ་སིནྡྷ་ར་ཛ་གིས་ བལ་ཡུལ་ཡང་ལོད་ཤོད་ཀྱི་ བྱག་ཕུག་ནང་ལས་ སློབ་དཔོན་པདྨ་འབྱུང་གནས་མཆོག་ གདན་འདྲེན་ཞུ་ཡི། སློབ་དཔོན་པདྨ་འབྱུང་གནས་མཆོག་ འབྲུག་ལུ་བྱོན་ཏེ་ གནད་དོན་དེ་གཟིགས་སྐབས་ གནས་བདག་ཤེལ་གིང་དཀར་པོའི་ ཆོ་འཕྲུལ་ཨིནམ་གཟིགས་ཏེ་ གནས་བདག་དེ་ བཏུལ་ནིའི་དོན་ལུ་ ད་ལྟོ་རྐྱབ་སྲོལ་ཡོད་པའི་ གཏེར་འཆམ་དེ་ གནང་ནུག།

སློབ་དཔོན་གྱིས་ གཏེར་འཆམ་དེ་ གནང་སྐབས་ གནས་བདག་ཤེལ་གིང་དཀར་པོ་འདྲོག་སྟེ་ སློབ་དཔོན་ལུ་ མ་འོངས་པའི་སེམས་ཅན་ཚུ་ལུ་ གནོད་སེམས་སྤང་སྟེ་ སངས་རྒྱས་ཀྱི་ བསྟན་པ་བསྲུང་ནིའི་ ཁས་བླངས་གྲུབ་ཞིནམ་ལས་ སློབ་དཔོན་གྱིས་ འཆམ་དེ་ གཏེར་ནང་སྦ་བཞག་ཡོད་པའི་ ལོ་རྒྱུས་འདུག།

ལོག་ཤུལ་ལས་ དུས་རབས་༡༥ པའི་ནང་ གཏེར་སྟོན་པདྨ་གླིང་པ་གིས་ གཏེར་ལས་བཞེས་ཏེ་ རང་སོའི་འཕྲོད་འབྱོར་དང་བསྟུན་ གཡུས་སྒོ་ཁག་ཚུ་ནང་ལས་ཕར་ དར་ཁྱབ་སོང་མིའི་གྲལ་ལས་ གཅིག་ང་བཅས་ཀྱི་ གཡུས་ཁ་ལུ་ཨིན་པའི་ ལོ་རྒྱུས་དང་འཁྲིལ་ སྤྱི་ལོ་༢༠༡༩ ལུ་ འཆམ་འདི་གི་སྐོར་ལས་ ཉམས་མྱོང་ཅན་ ལོ་ངོ་༥༠ ལྷག་མི་ མཚམས་པ་ཀརྨ་གིས་ བཤདཔ་ཨིན་པས།

ད་རེས་ནངས་པར་ གཡུས་ཚན་འདི་ནང་ ང་བཅས་ཀྱིས་ མཐོང་གསལ་ཡོད་མི་དང་ ཡོངས་གྲགས་ཅན་སྦེ་ བརྩི་སྲུང་འབད་མི་ དམངས་ཀྱི་སྐུ་རིམ་མམ་ ཀེང་འཆམ་དེ་ རང་ཟླ་༦ པའི་ཚེས་༨ ལས་འགོ་བཙུགས་ ཚེས་༡༡ ཚུན་ ཉིནམ་༤ གི་རིང་ བརྩི་སྲུང་འབདཝ་ཨིན།

དེ་ཡང་ ཚེས་༨ ལུ་ བཞེས་སྒོ་འབད་མི་ ཐབ་ཚངཔ་ཚུ་འཛོམས་ དེ་ལས་ ཨེ་ཏོག་མེ་ཏོག་ཤིང་གི་ པགས་ཀོ་ཤུབ་ཞིནམ་ལས་ ལེགས་ཤོམ་འབད་བརྔོ་སྟེ་ བརྡུང་སྦེ་བཞགཔ་ཨིན་པས།

ཚེས་༩ གི་དྲོ་པ་ ཐབ་ཚངཔ་ལ་ལོ་གིས་ མེ་འཕུ་ ལ་ལོ་གིས་ ཁྱིམ་གུང་པ་རེ་རེ་བཞིན་དུ་བརྒྱུད་དེ་ ཆུམ་བྲེ་གང་དང་ ཆང་དམ་སྦྱིས་༤ དེ་ལས་ གཏོརམ་བཞེངས་ནིའི་དོན་ལུ་ གཏོར་ཕྱེ་བྲེ་གང་ ཧེ་མ་འབད་བ་ཅིན་ དངུལ་ཀྲམ་༡༠༠ རེ་ བསྡུ་སྲོལ་ཡོད་རུང་ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་འགྱུར་བ་དང་བསྟུན་ དངུལ་ཀྲམ་༦༠༠ རེ་ བསྡུ་དོ་ཡོདཔ་ཨིན་པས།

ཐབ་ཚངཔ་སྐོར་རྒྱབ་དེ་ཡང་ གཡུས་འགོ་ལས་འགོ་བཙུགས་ ཁྱིམ་གུང་པ་༦ རེ་གིས་ རང་སོའི་ལོ་བསྟར་སྐོར་རྒྱབ་དང་འཁྲིལ་ འབད་དོ་ཡོདཔ་ཨིན།

ཚེས་༩ གི་དྲོ་པར་ ཆོསཔ་ཚུ་གིས་ གཏོར་བཞེངས་འབད་དེ་ བཅའ་སྒྲིག་རྐྱབ་པའི་ཤུལ་ལུ་ ཕྱི་རུ་ ཆུ་ཚོད་༤ དེ་ཅིག་ཁར་ གཡུས་མི་ག་ར་ ལྷ་ཁང་ནང་འཛོམས་ གོ་རིམ་བཞིན་དུ་སྦེ་ ཆོསཔ་ཚུ་གིས་ དང་པ་ར་ ལྷ་ཆོས་སྐྱོང་མགོན་པོ་མ་ནིང་ནག་པོ་ གཙོ་འཁོར་གྱི་གཙོས་པའི་ གཡུས་ལྷ་གཞི་བདག་ཚུ་ལུ་ གསོལ་མཆོད་ཕུལཝ་ཨིན་མས།

གསོལ་མཆོད་དེ་ གཏོར་བཤགས་གུ་ལྷོདཔ་ད་ མཚམས་བཞག་སྟེ་ ཟ་འདྲེ་ཁ་བསྒྱུར་གྱི་བཟློག་པ་རྐྱབ་པའི་ཁར་  གཡུས་ལྷ་གཞི་བདག་ཚུ་ལུ་ གསོལ་མཆོད་ཕུལ་དགོ་མི་དེ་ གཙོ་བོ་ར་ གཡུས་འདི་ནང་གི་ མི་སེར་ཚུ་ལུ་ བསམ་པའི་དོན་ཐམས་ཅད་ ཡིད་བཞིན་དུ་འགྲུབ་ནི་དང་ རྐྱེན་ངན་བར་ཆད་ཚུ་ བཟློག་ཐབས་ལུ་ཨིན་པས།

ཀེང་འཆམ།

ཕྱི་རུའི་ཆུ་ཚོད་༦ ལས་འགོ་བཙུགས་ འཆམ་རྐྱབ་མི་ ཀེང་པ་ཆ་ཁྱབ་ཀྱིས་ གདོང་གུ་རང་སོའི་ བློ་འདོད་དང་འཁྲིལ་ ཡོད་མི་ཚུ་གིས་ འབགཔ་མ་འདྲཝ་ཚུ་བཙུགས འབགཔ་མེད་མི་ཚུ་གིས་ བཀབ་ནེ་དང་ རས་ཚུ་གིས་ གདོང་དང་ མགུ་ཏོ་སྤུར་ གཟུགས་ག་ར་ སྒྱེན་མོ་བཏོན་ ངོ་མ་ཤེསཔ་བཟོ་སྟེ་ ལྷ་ཁང་ནང་ དུས་ཡུན་ཆུ་ཚོད་༡ དེ་ཅིག་གི་རིང་ འཆམ་རྐྱབ་ཨིན་པས།

འཆམ་དང་གཅིག་ཁར་ ཆོསཔ་ཚུ་གིས་ ཟ་འདྲེ་ཁ་བསྒྱུར་གྱི་ བཟློག་པ་བཏང་དོ་ཡོདཔ་ད་ དེ་ཁར་འཛོམས་མི་ ཚུ་གིས་ ཟ་འདྲེ་ཁ་བསྒྱུར་གྱི་གཏོརམ་ གདོང་སྒོ་ཁ་ཐུག་ལུ་ སྒོར་བཞག་མི་གུ་ འབྲུ་སྣ་ཚུ་ བཏོརཝ་ཨིན་པས།

བཟློག་པ་དེ་ མཇུག་བསྡུཝ་ཅིག་ ཕྱྭ་དང་ཧུ་རྐྱབ་སྟེ་ ཀེང་པ་ཚུ་གིས་ ཟ་འདྲེ་ཁ་བསྒྱུར་གྱི་ གཏོརམ་དེ་ ལྷ་ཁང་ནང་ལས་ ཕྱི་ཁར་བཏོན་འབག་སྟེ་ ལྷ་ཁང་གི་ ཟུར་ཁ་ བསྐྱལ་བཞགཔ་ཨིན་པས།

 

བསྟན་འཛིན་ནོར་བུ།

ཁག་འབགཔ་སློབ་དཔོན། ཀུན་གསལ་ཕོ་བྲང་སློབ་གྲྭ་ཆུང་བ། ཐིམ་ཁྲོམ།

 

About admin

Check Also

ཁྲིམས་སྲུང་འགག་པ་གིས་ ཆ་རོགས་ཅིག་ལུ་ གྱི་གསོབ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ སྐྱེས་ལོ་༢༠ ལང་མི་ ཁྲིམས་སྲུང་འགག་པ་གིས་ ཕུན་ཚོགས་གླིང་ལས་ སྐྱེས་ལོ་༢༣ ལང་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ གྱི་གསོབ་པའི་ཤུལ་ལས་ སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ཤི་སོཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *