བཀང་ལུང་རྒེད་འོག།

བཀང་ལུང་རྒེད་འོག་ནང་ ཤ་ཆང་ལག་ལེན་འཐབ་ནི་མེདཔ་སྦེ་ བཟོ་ཡོདཔ།

༉ བཀྲིས་སྒང་བཀང་ལུང་རྒེད་འོག་གི་ མི་སེར་ཚུ་གིས་ རིམ་གྲོ་དང་ ལོ་ཆོག་ དེ་ལས་ མི་ཤི་དགེ་རྩ་ཚུ་ སྒྲུབ་པའི་སྐབས་ལུ་དང་ རྒྱལ་ཡོངས་དུས་ཆེན་ལ་སོགས་པའི་ དུས་སྟོན་བརྩི་སྲུང་ཚུ་ ག་ཅི་འབད་རུང་ ཤ་ཆང་ལག་ལེན་འཐབ་ནི་མེདཔ་སྦེ་ བཟོ་ཡོདཔ་ཨིན་པས།
དེ་ཡང་ རྒེད་འོག་བདག་སྐྱོང་གིས་ བདུན་ཕྲག་༣ གྱི་རིང་ རྒཔོ་དང་དམངས་མི་ དེ་ལས་ ཚོགས་པ་ཚུ་ འཛོམས་ཐོག་ལས་ བཟོ་ཡོདཔ་མ་ཚད་ མི་སེར་ཚུ་དང་གཅིག་ཁར་ཡང་ གྲོས་བསྟུན་འབད་བའི་ཤུལ་ལུ་ ཁྱབ་བསྒྲགས་འབད་ཡོདཔ་ཨིན་པས།
རྒེད་འོག་བདག་སྐྱོང་གིས་ ཤ་ཆང་ལག་ལེན་འཐབ་ནི་མེདཔ་སྦེ་ བཟོ་དགོ་པའི་གནད་དོན་དེ་ཡང་ ཆང་ནད་ལུ་བརྟེན་ཏེ་ ཤི་རྐྱེན་བྱུང་མི་ མར་ཕབ་འབད་ནི་དང་ གཡུས་སྒོ་ཚུ་ནང་ལས་ཕར་ འཐབ་འཛིང་གི་དཀའ་ངལ་ བཀག་ཐབས་ལུ་ཨིན་ཟེར་ རྒཔོ་ ཀུན་བཟང་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གི་ཁ་ཐུག་ལས་ ཁྱབ་བསྒྲགས་མ་འབད་བའི་ཧེ་མར་ ཤ་ཆང་ལག་ལེན་འཐབ་ནི་མེདཔ་སྦེ་བཟོ་བ་ཅིན་ ག་དེ་སྦེ་དྲག་ག་ཟེར་ ལོ་༡ ལྷགཔ་ཅིག་ ཞིབ་འཚོལ་དང་ གྲོས་བསྟུན་འབད་བའི་ཤུལ་ལས་རྐྱངམ་གཅིག་ ཤ་ཆང་ལག་ལེན་འཐབ་ནི་མེདཔ་སྦེ་ བཟོ་ཡི་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་འདི་ ཡོངས་གྲགས་ལུ་ ནང་པ་ཆོས་ལྡན་གྱི་རྒྱལ་ཁབ་ཟེར་ མིང་དང་དོན་མཐུན་སྦེ་བཞག་ཐབས་ལུ་ རིམ་གྲོ་དང་ ཚེས་བཅུ་ལ་སོགས་པའི་ དུས་སྟོན་ག་ཅི་ནང་འབད་རུང་ ཤ་ཆང་ལག་ལེན་འཐབ་ནི་མེདཔ་སྦེ་བཟོ་ཡི་ཟེར་ རྒཔོ་གིས་བཤདཔ་ཨིན་པས།
ས་གནས་དུ་རོང་ལས་ཨིན་མི་ དབང་མོ་གིས་ སླབ་མིའི་ནང་ རིམ་གྲོ་འབད་བའི་སྐབས་ གཡུས་ཆང་གིས་མ་ཚད་པར་ ཚོང་ཁང་ནང་ལས་ ཆང་བེ་ཡར་ཚུ་ཉོ་སྟེ་ བྱིན་ནི་ཡོད་ཟེར་ཨིནམད་ ཤ་ཆང་ལག་ལེན་འཐབ་ནི་མེདཔ་སྦེ་ བཟོ་མི་དེ་ལུ་ ངོས་ལེན་ཡོད་ཟེར་ཨིན་པས།
སྐྱེས་ལོ་༥༩ ལང་མི་ སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ མི་ཤི་དགེ་རྩ་སྒྲུ་པའི་སྐབས་དང་ ནཝ་ཚཝ་བྱུངམ་ད་ ཤ་ཆང་ལག་ལེན་འཐབ་ད་ གསོན་པོ་སྦེ་སྡོད་མི་ཚུ་གིས་ ཤི་མི་གི་རྒྱབ་ལས་ སྤྲོ་བ་སྟོན་དོ་བཟུམ་ཅིག་ཨིནམ་ལས་ ལམ་ལུགས་གསརཔ་བཟོ་མི་ལུ་ ཡིད་ཆེས་ཡོད་ཟེར་ཨིན་པས།
ཁྲ་གོངམ་ལས་ཨིན་མི་ པདྨ་བཟང་མོ་གིས་ སླབ་མིའི་ནང་ ཤའི་རིགས་དང་ ཆང་གི་རིགས་ཚུ་ ཕར་ཚུར་འབག་ནི་མེདཔ་སྦེ་བཟོ་མི་དེ་ ལེགས་ཤོམ་སོང་ཡོད་རུང་ གཡུས་ཆང་འབག་ནི་མེདཔ་སྦེ་བཟོ་མི་དེ་ལུ་ སེམས་དང་མ་ལྡན་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ རིམ་གྲོ་དང་ ལོ་ཆོག་བཏང་སར་ བང་ཅུང་ནང་ཆུམ་དང་ ཆང་པ་ལང་རེ་ འབག་འགྱོ་བའི་སྲོལ་དེ་ ཤར་ཕྱོགས་ཁ་ཐུག་ལུ་ ལམ་སྲོལ་བཟུམ་ཅིག་ཨིནམ་ལས་ ལམ་སྲོལ་ཉམས་མི་འགྱོ་ག་ཟེར་བའི་ མནོ་བསམ་གཏང་དགོཔ་འདུག་ཟེར་ཨིན་པས།
ས་གནས་རོང་ཐུང་ལུ་ ཚོང་རྐྱབ་སྡོད་མི་ འཆི་མེད་དབང་མོ་གིས་ སླབ་མིའི་ནང་ རིམ་གྲོ་དང་ དུས་སྟོན་བརྩི་སྲུང་ཚུ་འབདཝ་ད་ མི་ཕྱུགཔོ་ཚུ་དང་ འདྲན་འདྲ་སྦེ་ ཆང་ལ་སོགས་པ་ཚུ་ ཉོ་འབག་འགྱོ་དགོ་ཟེར་ཨིནམ་ད་ ལམ་ལུགས་དེ་གིས་ མི་སེར་ཉམ་ཆུང་ཚུ་ལུ་ ཁེ་ཕན་འབྱུང་ནི་མས་ཟེར་ཨིན་པས།
མི་སེར་ཚུ་དང་འཁྲིལ་བ་ཅིན་ རིམ་གྲོ་དང་ ལོ་ཆོག་ཚར་རེ་བཏངམ་ད་ ཤ་ཆང་བསྡོམས་ཏེ་ ཟད་འགྲོ་དངུལ་ཀྲམ་༣༠,༠༠༠ ལྷགཔ་ཅིག་ གནས་ནི་ཡོད་ཟེར་ཨིནམ་ད་ ལམ་ལུགས་དེ་གིས་ རང་གཞན་༢ ཆ་ར་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
གལ་སྲིད་ ཁྱབ་བསྒྲགས་དེ་ལུ་ མ་གནས་པར་ ཤ་ཆང་ལག་ལེན་འཐབ་སར་མཐོང་པ་ཅིན་ ཉེས་ཆད་དངུལ་ཀྲམ་༥༠༠༠ ཡང་ཆག་མེད་པར་ བཀལ་འོང་ཟེར་ རྒཔོ་གིས་བཤད་པའི་ཁར་ ཤ་ཆང་ལག་ལེན་འཐབ་མི་དང་ བྱིན་མི་རེ་ འཐོན་པ་ཅིན་ ཉེས་ཆད་དངུལ་ཀྲམ་༡༠,༠༠༠ རེ་ བཏབ་དགོ་ཟེར་ཨིན་པས།
རྒཔོ་གིས་བཤད་མའི་ནང་ གཡུས་སྒོ་ཚུ་ནང་ལས་ཕར་ རིམ་གྲོ་དང་ལོ་ཆོག་ དེ་ལས་ མི་ཤི་དགེ་རྩེ་སྒྲུབ་པའི་སྐབས་ ཆང་དང་ཤ་གི་ཚབ་ལུ་ ཨོམ་དང་ ཁ་ཟས་ དེ་ལས་ ཤིང་འབྲས་ཀྱི་ཁུ་བ་ཚུ་ འབག་དགོ་པའི་སྐོར་ལས་ གོ་བརྡ་སྤེལ་ཏེ་ཡོད་ཟེར་ཨིན་པས།
རྒཔོ་གིས་ དོགས་སེལ་འབད་མིའི་ནང་ རྒེད་འོག་གི་ གཞུང་གི་སྲིད་བྱུས་དང་འཁྲིལ་ ཆང་འཐུང་མི་མེདཔ་སྦེ་ བཀག་ཆ་མ་འབད་ཟེར་ཨིནམ་ད་ ག་དེ་དྲག་དྲག་ མར་ཕབ་འབད་དགོཔ་སྦེ་ གོ་བརྡ་སྤེལ་ཏེ་ཡོད་ཟེར་ཨིན་པས།
དམངས་མི་དང་ ཚོགས་པ་ དེ་ལས་ རྒེད་འོག་བདག་སྐྱོང་འགོ་དཔོན་ཚུ་གིས་ བདུན་ཕྲག་ངལ་གསོའི་སྐབས་ ཤ་ཆང་ལག་ལེན་འཐབ་ནི་མེད་ཟེར་ གཡུས་སྒོ་ཚུ་ནང་ལས་ཕར་ གོ་བརྡ་སྤེལ་བར་སོང་ཡི་ཟེར་ འགོ་དཔོན་ཚུ་གིས་བཤད་པའི་ཁར་ མི་སེར་ག་ར་གིས་ དེའི་སྐོར་ལས་ ཤེས་ཟེར་ཨིན་པས།
རྒེད་འོག་ནང་ རིམ་གྲོ་དང་ དུས་སྟོན་ཚུ་ ག་ཅི་ར་བརྩི་སྲུང་འབད་རུང་ ཤ་ཆང་ལག་ལེན་འཐབ་ནི་མེདཔ་སྦེ་བཟོ་སྟེ་ ཉིན་གྲངས་༡༣ ལང་ཡོདཔ་ད་ ཁྱབ་བསྒྲགས་དེ་ལུ་ གནས་མ་གནས་ཀྱི་ ཞིབ་དཔྱད་འབད་ནིའི་དོན་ལུ་ གསང་བའི་ཐོག་ལས་ ལྟ་རྟོག་པ་ཚུ་ བཙུགས་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀང་ལུང་།

 

About admin

Check Also

གནས་ཚུལ་མདོར་བསྡུས།

འབྲུག་ལུ་ རྒྱ་གར་གྱི་གཞུང་ཚབ་ རུ་ཅི་ར་ ཀམ་བཱོཇ་དང་ རྒྱལ་འཛིན་ཞིབ་འཚོལ་དང་ བློ་གྲོས་ཚོགས་སྡེའི་ཁྲི་འཛིན་ ཁྲིམས་སྤྱི་བློན་པོ་བགྲེསཔ་ བསོད་ནམས་སྟོབས་རྒྱས་༢ ཀྱིས་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ ཐིམ་ཕུག་ནི་རུ་དབང་ཕྱུག་ལམ་སྲོལ་ལྟེ་བའི་ནང་ འབྲུག་འགྲེམ་ལས་འཛིན་གྱིས་ པར་སྐྲུན་འབད་མི་ …

Leave a Reply

Your email address will not be published. Required fields are marked *