བཀག་བཞག་མི་ གཞུང་གི་བཟོ་སྐྲུན་ཚུ་ འཕྲོ་མཐུད་འབད་དགོཔ།

གཞུང་དང་བཟོ་སྐྲུན་སྡེ་ཚན་ནང་ དུས་ཚོད་དང་ ཐོན་ཁུངས་འཕྲོ་བརླག་འགྱོ་ནི་ དེ་ལས་ མ་དངུལ་གྱི་ གྱོང་རྒུད་ཕོག་ནི་ལས་ བཀག་སྲུང་འབད་ཐབས་ལུ་དམིགས་ཏེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྔོན་འགོག་གི་ ཐབས་ལམ་ཚུ་བཏོན་ནུག།

དེ་ཡང་ གཞུང་གི་བཟོ་སྐྲུན་དང་འབྲེལ་བའུ་ རྩོད་རྙོགས་ཐོན་མི་ཚུ་ནང་ ཞིབ་དཔྱད་དང་ ཉེས་བཙུགས་དང་ ཁྲིམས་བཤེར་ལུ་བརྟེན་ བཟོ་སྐྲུན་གྱི་ལཱ་ཚུ་ མཚམས་འཇོག་དང་ བསྣར་འགྱངས་ལུས་མིའི་ དཀའ་ངལ་སེལ་ཐབས་ལུ་ཨིན་པས།

དེ་འབདཝ་ལས་ སྤྱི་ཟླ་༡༠ པའི་ཚེས་༡༥ ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བཀྲིས་སྒང་རྫོང་ཁག་བདག་སྐྱོང་ལུ་ མེ་རག་གཞི་རྟེན་སྨན་ཁང་དང་ སྦིས་གདུང་དང་ ཕོངས་མེད་སློབ་གྲྭ་གཉིས་ཀྱི་ ཉལ་ཁང་བཟོ་སྐྲུན་གྱི་ ལཱ་ཐོགས་ལུས་མི་དེ་ འགོ་བཙུགས་དགོ་པའི་ བཀའ་རྒྱ་ཡི་གུ་ འགོ་དང་པ་བཏང་ནུག།

བཟོ་སྐྲུན་ཚུ་ མཚམས་འཇོག་འབད་མི་དེ་ཡང་ བཟང་སྐྱོང་བཟོ་སྐྲུན་དང་ བདེ་ཆེན་བཟོ་སྐྲུན་ལས་སྡེ་༢ ཀྱིས་ ལས་འགུལ་ཚུ་ མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ཨིནམ་ད་ རྫོང་ཁག་རིན་བསྡུར་ཚོགས་ཆུང་གིས་ སྤྱི་ལོ་༢༠༡༨ ཟླ་༤ པའི་ཚེས་༡༡ ལུ་ བཟོ་སྐྲུན་ལས་སྡེ་༢ ཆ་རའི་ ཁག་འབག་ཚུ་ ཆ་མེད་བཏང་ཡོདཔ་ཨིན་པས།

བདེ་ཆེན་བཟོ་སྐྲུན་གྱིས་ ཕོངས་མེད་ལུ་ གདུང་རྩེ་སློབ་གྲྭ་ལྟེ་བ་དང་ སྦིས་གདུང་འབྲིང་རིམ་སློབ་གྲྭ་འོག་མའི་ ཉལ་ཁང་ཚུ་ རྐྱབ་ནིའི་དོན་ལས་ རིན་བསྡུར་གོང་ཚད་ དངུལ་ཀྲམ་ས་ཡ་༢༦.༦༩༠ དང་ དངུལ་ཀྲམ་ས་ཡ་༡༣.༩༨༠ བཀོད་ཡོདཔ་ཨིན་པས།

ཁག་འབག་གི་ ལཱ་ཆ་མེད་མ་བཏང་པའི་ཧེ་མར་ ཁག་འབགཔ་གིས་ ཕོངས་མེད་ལུ་ དངུལ་ཀྲམ་ས་ཡ་༡༥.༡༩༠ དེ་ཅིག་གི་ ལཱ་འབད་ཡོདཔ་ད་ གདུང་རྩེ་སློབ་གྲྭ་ལྟེ་བའི་ ཉལ་ཁང་རྐྱབ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༥.༡༡༢ དང་ སྦིས་གདུང་འབྲིང་རིམ་སློབ་གྲྭ་འོག་མའི་དོན་ལུ་ དངུལ་ཀྲམ་ས་ཡ་༦.༦༤༡ ཐེབས་སྤྲོད་ཡོདཔ་ཨིན་པས།

རྫོང་ཁག་གིས་ རྩོད་དོན་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཏང་ཡོདཔ་བཞིན་དུ་ ཁག་འབགཔ་ཚུ་གིས་ རྫོང་ཁག་གི་ ས་ཁོངས་བཟོ་རིག་འགོ་དཔོན་ཚུ་དང་ མགུ་མཐུད་དེ་ ཚུལ་མིན་འཐབ་ཡོད་པའི་ མངོན་གསལ་བྱུང་ནུག།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་ཚུ་ལུ་ བསྐྱར་ཞིབ་འབདཝ་ད་ ཁག་འབགཔ་ཚུ་གིས་ བཟོ་སྐྲུན་འབད་ནིའི་ནང་ འཐུས་ཤོར་བྱུང་ཡོདཔ་མ་ཚད་ ལཱ་མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ རྫོང་ཁག་བདག་སྐྱོང་གིས་ ཁག་འབག་ཆ་མེད་བཏང་ཡོདཔ་ ཤེས་རྟོགས་བྱུང་ནུག།

ཨིན་རུང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཁག་འབགཔ་ཚུ་ལས་ འཐུས་ཤོར་བྱུང་མི་དང་ རྩོད་ཟླ་ཚུ་གི་ རྩོད་གཞི་ཡུན་འགྱངས་ལུསཔ་ད་ བཟོ་སྐྲུན་གྱི་ལཱ་ཚུ་ མཚམས་འཇོག་བཞག་ནི་དེ་ འོས་འབབ་མེད་པའི་ མངོན་གསལ་བྱུང་ཡོདཔ་ད་ ལས་འགུལ་གྱི་ལཱ་ཚུ་ འཕྲོ་མཐུད་དེ་ར་ བསྣར་འགྱངས་ལུས་པ་ཅིན་ རྒྱལ་ཁམས་ལུ་ ཟད་འགྲོ་ཐེབས་གནས་ནི་དང་ གྱོང་རྒུད་ཚད་མེད་ཕོག་ནི་མས་ཟེར་ སྤྱི་ཟླ་༡༠ པའི་ཚེས་༡༥ འི་ཕྱི་རུ་ཁམས་ཅིག་ཁར་ གནས་ཚུལ་གསར་བཏོན་འབད་མིའི་ནང་ རྩོད་དཔོན་ཡོངས་ཁྱབ་ ལུང་བསྟན་གྲུབ་འགྱུར་གྱིས་ བཀོད་ནུག།

བཀྲིས་སྒང་གི་ སློབ་གྲྭའི་བཟོ་སྐྲུན་ལས་འགུལ་ཚུ་ལུ་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༨ ཟླ་༡༠ པའི་ཚེས་༢༢ ལུ་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་ཞིནམ་ལས་ཚུར་ ད་རེས་འབདཝ་ད་ ལཱ་མཚམས་འཇོག་བཞག་སྟེ་ ལོ་༢ ལང་ནུག།

གནས་ཚུལ་གསར་བཏོན་ནང་ མ་གཞི་ རྫོང་ཁག་བདག་སྐྱོང་གིས་ བཟོ་སྐྲུན་ལཱ་དེ་ ཁྲིམས་མཐུན་ཐོག་ བཀག་ཆ་འབད་དེ་ བཞག་ཡོད་རུང་ རིན་བསྡུར་ལོག་འབད་ཐོག་ལས་ ལཱ་འབད་བཅུག་ཡོད་པ་ཅིན་ ལཱ་ཚུ་བསྣར་འགྱངས་ལུས་དགོཔ་མེད་པའི་ཁར་ ས་གནས་ཀྱི་ མི་སྡེ་གིས་ཡང་ ཁེ་ཕན་སྤྱོད་ཚུགས་ཚུགསཔ་འོང་ཟེར་བཀོད་ནུག།

ཨིན་རུང་ རྩོད་དོན་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ དེ་གི་ཤུལ་ལས་ ཉེས་བཤེར་གྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ་ལས་ རྫོང་ཁག་བདག་སྐྱོང་གིས་ ལཱ་མཇུག་མ་བསྡུ་བར་ལུས་མི་ཚུ་ དེ་སྦེ་ར་ བཞག་ནུག་ཟེར་ཨིན་པས།

རྩོད་དཔོནཡོངས་ཁྱབ་ཡིག་ཚང་གིས་ ལེགས་བསྒྱུར་འབད་མི་ གཞན་ཚུ་གི་གྲས་ལས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ དགོངས་ཕོག་བཏང་མི་ཚུ་ལུ་ བསྐྱར་ཞིབ་འབད་ནི་དང་ ཁྲིམས་ཀྱི་འདུན་སར་ ཉེས་རྩོད་དང་འབྲེལ་བའི་ ཉེས་བཙུགས་མ་འབད་བའི་ཧེ་མར་ སྔོན་འགོག་གི་ ཐབས་ལམ་ཚུ་ བསྟར་སྤྱོད་འབད་ནི་ཨིན་པས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཉེས་བཤེར་གྱི་དོན་ལས་བཏང་མི་ བཟོ་སྐྲུན་གྱི་ རྩོད་དོན་ཚུ་གི་ཐད་ལུ་ ཁག་འབག་གི་ལཱ་ མཚམས་འཇོག་དང་ ཡང་ཅིན་ རྒྱུ་དངོས་བཀག་འཛིན་འབད་དེ་ བཞག་ཡོད་པ་ཅིན་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ ལཱ་མཇུག་མ་བསྡུ་བར་ བཞག་མི་དེ་ གང་མགྱོགས་སྦེ་ ལོག་འགོ་བཙུགས་ནི་ ཡང་ཅིན་ རྒྱུ་དངོས་བཀག་ཆ་འབད་དེ་ བཞག་མི་ཚུ་ འོས་འབབ་དང་འཁྲིལ་ ཡངས་ཆག་གཏང་དགོ་པའི་ བཀོད་རྒྱ་བྱིན་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *