བ་ལི་གཡུས་ཚན་ནང་ལས་ ཐོན་སྐྱེད་འབད་མི་ སོ་ནམ་ཐོན་སྐྱེད་ཚུ་ རེས་གཟའ་སྤེན་པ་ཨ་རྟག་ར་ ཁུ་རུ་ཐང་ཁྲོམ་ཁར་ འབག་འོང་དོ་ཡོདཔ་ཨིན་པས།

བ་ལི་གཡུས་ཚན་ནང་ འཁོར་ལམ་དང་ ཞིང་ཆུ་མེད་པའི་ གདོང་ལེན་བྱུང་སྟེ་ཡོདཔ།

༉ སྤུ་ན་ཁ་ཁུ་རུ་ཐང་ལུ་ བདུན་མཐའི་ཚོད་བསྲེ་ཁྲོམ་ཁར་བཙོང་མི་ ཐོན་སྐྱེད་མང་ཤོས་ར་ ཆུ་སྦུག་རྒེད་འོག་ བ་ལི་གཡུས་ཚན་གྱི་ སོ་ནམ་ཐོན་སྐྱེད་ཚུ་ཨིན་པས།
དེ་ཡང་ སོ་ནམ་པ་ཚུ་གིས་ ཨེ་མ་དང་ སྲནམ་ཅུང་ ཨོ་ལ་མཆུ་ཏོག་ལ་སོགས་པའི་ ཚོད་བསྲེ་ཚུ་ རྒྱབ་ཁར་འབག་སྟེ་ སེར་རི་སྒང་གི་ འཁོར་ལམ་ཚུན་ དུས་ཡུན་སྐར་མ་༤༥ དེ་ཅིག་ རྐང་སྟོང་སྦེ་ འོང་དོ་ཡོདཔ་ད་ སོ་ནམ་པ་ལ་ལོ་གིས་ ཚོད་བསྲེ་སྐྱེལ་འདྲེན་གྱི་དོན་ལུ་ རྟ་དྲེལ་ཚུ་ ལག་ལེན་འཐབ་ཨིན་པས།
ཨིན་རུང་ ད་ལྟོའི་ རྐང་ལམ་དེ་ སྒེར་གྱི་ས་ཆ་ནང་ ཚུད་མི་ལུ་བརྟེན་ སའི་ཇོ་བདག་གིས་ གྲོང་གསེབ་མི་སེར་ཚུ་ལུ་ ཁོ་གི་ས་ནང་ལས་ རྒྱུན་འགྲུལ་མ་འཐབ་ཟེར་ སླབ་ཡོདཔ་ལས་ སོ་ནམ་པ་ཚུ་ ཚ་གྱང་ལང་ཡོདཔ་ད་ གྲོང་མི་ཅིག་གིས་ སླབ་མིའི་ནང་ གལ་སྲིད་ ལམ་ལག་ལེན་འཐབ་མ་བཅུག་པ་ཅིན་ འཁོར་ལམ་ཡོད་སར་ ལྷོད་ནི་ལུ་ ཀི་ལོ་མི་ཊར་༡.༥ དེ་ཅིག་ ལམ་ཐག་རིངམོ་འགྱོ་འོང་ཟེར་ཨིན་པས།
གྲོང་གཡུས་ཚོགས་པ་ ཀུན་ལེགས་བུ་དར་གྱིས་ གནད་དོན་དེ་གི་སྐོར་ལས་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་འབད་འོང་ཟེར་ སླབ་ཨིན་པས།
སོ་ནམ་པ་ཚུ་གིས་ ཁོང་ལུ་ མཁོ་གལ་ཆེ་ཤོས་ར་ འཁོར་ལམ་དེ་ཨིན་ཟེར་ སླབ་མི་དེ་ཡང་ གནམ་གཤིས་གནས་སྟངས་ ལེགས་ཤོམ་ཡོདཔ་ལས་ ལྕང་ལཱ་རྐྱབ་པའི་ དུས་ཚོད་ནང་ འབྱ་རིགས་མ་འདྲཝ་༥ འཛུགས་སྐྱོང་འབདཝ་མ་ཚད་ འདས་པའི་ལོ་༥ ནང་ ཚོད་བསྲེའི་ཐོན་སྐྱེད་ཚུ་ཡང་ ཡར་འཕར་སོང་ཡི་ཟེར་ཨིན་པས།
སྐྱེས་ལོ་༤༡ ལང་མི་ དམ་ཆོས་དབངམོ་གིས་ སོ་ནམ་པ་ ལེ་ཤ་ཅིག་གིས་ར་ སོ་ནམ་སྡེ་ཚན་ལས་ རྒྱབ་སྐྱོར་ལེན་ཐོག་ལས་ ཚོང་འབྲེལ་གྱི་དོན་ལུ་ ཚོད་བསྲེ་དང་ འབྱ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ བ་ལི་ལུ་ ཁྱིམ་གུང་༢༧ དེ་ཅིག་ཡོད་མི་ལས་༧ ལུ་རྐྱངམ་གཅིག་ རྟ་ཚུ་ཡོདཔ་ཟེར་ཨིན་པས།
རྟའི་ཇོ་བདག་གིས་ འཁོར་ལམ་ཚུན་ཚོད་ ཐོན་སྐྱེད་སྐྱེལ་འདྲེན་གྱི་ གླ་ཆ་དངུལ་ཀྲམ་༡༠༠ དང་༡༥༠ གི་བར་ན་ ལེན་དོ་ཡོདཔ་ད་ དེ་ཁ་ལས་ གླ་འཁོར་ནང་ འཛུལ་འགྱོཝ་ད་ མི་རེ་གིས་ གླ་འཐུས་དངུལ་ཀྲམ་༡༠༠ རེ་དང་ དོས་གླ་དངུལ་ཀྲམ་༣༠ རེ་ སྤྲོད་དོ་ཟེར་ དམ་ཆོས་དབངམོ་གིས་ བཤད་པའི་ཁར་ ཁོང་གིས་ ལོ་བསྟར་བཞིན་དུ་ ཕར་ཚུར་འགྲོ་འགྲུལ་འབད་བའི་ཟད་འགྲོ་ དངུལ་ཀྲམ་༡༥,༠༠༠ དེ་རེ་ བཏང་དོ་ཟེར་ སླབ་ཨིན་པས།
ད་རེས་ རྒེད་འོག་ལུ་ འཁོར་ལམ་མཐུད་སྦྲེལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༢༡ གནང་བ་གྲུབ་སྟེ་ཡོདཔ་ད་ ཚོགས་པ་ཀུན་ལེགས་བུ་དར་གྱིས་ སླབ་མིའི་ནང་ ད་ལྟོ་ རྫོང་ཁག་གིས་ མཐའ་འཁོར་གནས་སྟངས་ཀྱི་ ཉོགས་མེད་ཡི་གུ་དང་ སའི་ཇོ་བདག་ཚུ་གི་ གནང་བ་ལུ་ སྒུག་སྟེ་ཡོདཔ་བཞིན་དུ་ ལཱ་དེ་ འཆར་གཞི་༡༢ པའི་ལོ་ངོ་༢ པའི་ནང་ འགོ་བཙུགས་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ བཤདཔ་ཨིན་པས།
སྐྱེས་ལོ་༧༢ ལང་མི་ སངས་རྒྱས་བཟངམོ་གིས་ སོ་ནམ་ཐོན་སྐྱེད་ཚུ་ བཙོང་ཐོག་ལས་ མོ་གི་ དི་བུ་དང་ དི་བུམོ་ཚུ་ལུ་ ཤེས་ཡོན་སྦྱང་ནི་གི་ རྒྱབ་སྐྱོར་འབད་དོ་ཟེར་ བཤད་པའི་ཁར་ མོ་གི་བུམོ་ གྱོངས་སོཔ་ལས་ ཚེ་འདས་ཀྱི་ཨ་ལོ་༢ མོ་དང་མཉམ་ སྡོད་དོ་ཟེར་ སླབ་ཨིན་པས།
ད་རུང་ བ་ལི་གཡུས་ཚན་ནང་ ཞིང་ཆུ་ལངམ་མེད་པའི་ དཀའ་ངལ་ཡོདཔ་ད་ ལྕང་ལཱ་རྐྱབ་པའི་ དུས་ཚོད་སྐབས་ གཡུས་ཚན་གྱི་སྦུག་ལས་ རོང་ཆུ་ཆུང་ཀུ་ཅིག་ བབས་མི་ལས་ སོ་ནམ་པ་ཚུ་ སྐོར་རྒྱབ་སྦེ་ ཁོང་རའི་ཞིང་ནང་ ཆུ་དཔག་དོ་ཡོདཔ་ཨིན་པས།
ཆརཔ་རྐྱབ་ནི་མེདཔ་ད་ རོང་ཆུ་དེ་ སྐམ་ནི་ཡོདཔ་མ་ཚད་ ད་རེས་ནངས་པར་ གཡུས་ཚན་དེ་ནང་ལས་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ ལམ་འགྱོ་དགོ་པའི་ གུམ་སྒང་ཟེར་སར་ ཆུ་རྐ་ཅིག་ བལྟ་བའི་བསྒང་ཡོད་ཟེར་ ཚོགས་པ་ཀུན་ལེགས་བུ་དར་གྱིས་བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

ལཱ་གཡོག་མ་ཐོབ་མི་དེ་ གནད་དོན་ག་ཅི་ཨིན་ན?

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ ལཱ་གཡོག་ཐོབ་མི་ཚུགས་པས་ཟེརཝ་ད་ ཧེ་མ་ ལཱ་འབད་ར་ མ་འབད་མི་ལུ་གོ་ཟེར་ཨིནམ་ད་ ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ ལཱ་གི་ཉམས་མྱོང་མེད་མི་དེ་ མཐོ་ཤོས་ཨིནམ་སྦེ་ གསལ་སྟོན་འབད་ནུག། དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༡༨ ཀྱི་ …

Leave a Reply

Your email address will not be published. Required fields are marked *