ཚོང་པའི་འཐུས་མི་ཅིག་གིས་ བརྡ་དོན་དང་ བརྒྱུད་འབྲེལ་བློན་པོ་ལུ་ དོ་མངམ་འབག་ཆོགཔ་བཟོ་དགོ་པའི་ཞུ་བ་འབད་བའི་བསྒང་།

ཕྱིར་ཚོང་འཐབ་མི་ཚུ་གིས་ དོའི་ཆོག་ཚད་ མངམ་ཡར་སེང་འབད་དགོ་པའི་མཁོ་འདོད།

༉ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་ཊཱག་ཚུ་ལུ་ དོ་ཆོག་ཚད་ལས་བརྒལ་ཏེ་ འབག་མ་ཆོག་པའི་ སྒྲིག་གཞི་དམ་དམ་སྦེ་ བསྟར་སྤྱོད་འབད་ནི་དེ་གིས་ ཐོ་ཕོག་མི་ ཚོང་པའི་འཐུས་མི་ཚུ་ ཁ་ཙ་ བརྡ་དོན་དང་ བརྒྱུད་འབྲེལ་བློན་པོ་དང་གཅིག་ཁར་ ཞལ་འཛོམས་འཚོགས་པའི་ཤུལ་ལས་ སེམས་དང་མ་ལྡན་པས།
བློན་པོ་ཀརྨ་རྡོ་གནོན་དབང་འདུས་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༡༨ ལུ་ རྒྱ་གར་ལུ་ དོ་འབག་ཆོག་ཚད་ ཡར་སེང་འབད་ཡོདཔ་ལས་ འབྲུག་ལུ་ཡང་ དོའི་ཆོག་ཚད་ཡར་སེང་འབད་ནིའི་ འོས་འབབ་ཡོདཔ་བཞིན་དུ་ དེ་གི་དོན་ལུ་ གཞུང་གིས་ ཕྱག་ལཱ་གནང་ནི་ འགོ་བཙུགས་ཡོདཔ་ལས་ ཐག་བཅད་ནི་ལུ་ དུས་ཚོད་ཡུན་རིངམོ་མི་འགོར་ཟེར་ཨིན་པས།
རྒྱ་གར་ལུ་ འཁོར་ལོ་༡༠ འབད་མི་ ཊཱག་གི་དོ་འབག་ཚད་དེ་ མེ་ཊིག་ཊཱན་༢༥ ལས་༢༨ ལུ་ ཡར་སེང་འབད་ནུག་ཟེར་ཨིན་པས།
དེ་འབདཝ་ད་ ཕྱིར་ཚོང་འཐབ་མི་ཚུ་གིས་ འབྲུག་གི་དོན་ལུ་ དོ་ཚད་དེ་བ་མངམ་ བཟོ་དགོཔ་འདུག་ཟེར་ སླབ་ཡོདཔ་ད་ ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཅིག་གིས་འབད་བ་ཅིན་ རྒྱ་གར་ལུ་ ལག་ལེན་འཐབ་མི་དེ་ལུ་ བལྟ་དགོཔ་ཅིག་མེདཔ་ལས་ ང་བཅས་ལུ་ ཉུང་ཤོས་ར་ དོ་ཚད་ཊཱན་༢༥ འབག་ཆོགཔ་ བཟོ་དགོ་ཟེར་ཨིན་པས།
ད་རུང་ ཕྱིར་ཚོང་འཐབ་མི་ ལེ་ཤ་ཅིག་གིས་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་བཅའ་ཁྲིམས་༡༩༩༩ ཅན་མ་དེ་ ཧེ་མ་ལས་ ལག་ལེན་མ་འཐབ་པར་ ད་རིས་ ག་ཅི་སྦེ་ བསྟར་སྤྱོད་འབདཝ་ཨིན་ན་ཟེར་ དྲི་བཀོད་བའི་ཁར་ ལ་ལོ་གིས་ གནས་སྐབས་ཀྱི་ ཐབས་ལམ་བཏོན་དགོ་པའི་ བསམ་འཆར་བཀོད་ནུག།
ཁོང་གིས་འབད་བ་ཅིན་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་བཅའ་ཁྲིམས་དེ་ རྒྱལ་ཁབ་ནང་འཁོད་ལུ་ ལག་ལེན་འཐབ་དགོཔ་ཨིན་རུང་ ད་རེས་ནངས་པའི་ གནས་སྟངས་ནང་ རྒྱལ་ཁབ་འདི་ གྲ་སྒྲིག་མེདཔ་ལས་ སྒྲིག་གཞི་དམ་དམ་སྦེ་ བསྟར་སྤྱོད་འབད་དགོ་པ་ཅིན་ དང་པ་ར་ གཞི་རྟེན་མཁོ་ཆས་ ལྗིད་ཟམ་ལ་སོགས་པ་ཚུ་ བཙུགས་དགོཔ་འདུག་ཟེར་ཨིན་པས།
མཁོ་ཆས་དེ་ཚུ་ རྫོང་ཁག་༢༠ ག་རའི་ནང་ བཙུགས་ནི་ལུ་ དུས་ཚོད་འགོར་ནི་ཨིནམ་བཞིན་དུ་ གྲ་སྒྲིག་འབད་བའི་ནམ་དུས་ལུ་ སྐྱེལ་འདྲེན་ནང་ མ་རྩ་བཙུགས་མི་ཚུ་ཡང་ མ་རྩ་ལོག་འཐོབ་ནི་གི་ གོ་སྐབས་ཡོདཔ་ལས་ གཞུང་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཚོང་པ་ཚ་གི་ ཚ་གྱང་གསུངས་གནང་དགོཔ་འདུག་ཟེར་ ཚོང་པའི་འཐུས་མི་ཚུ་གིས་ བཤད་ནུག།
བློན་པོ་ཀརྨ་རྡོ་གནོན་དབང་འདུས་ཀྱིས་ དོའི་ཆོག་ཚད་ ལག་ལེན་འཐབ་ནི་དེ་ གནས་སྐབས་ཅིག་ བཞག་ཐབས་མེདཔ་ལས་ ཁྲིམས་ལུགས་ལུ་ གནས་དགོ་ཟེར་ བཤད་ཡོདཔ་ཨིན་པས།
ཕྱིར་ཚོང་འཐབ་མི་ཚུ་གིས་ སླབ་མིའི་ནང་ ཕྱིར་ཚོང་འགོ་བཙུགས་དེ་ ལོ་ལེ་ཤ་ལང་ཡོདཔ་མ་ཚད་ དོ་ཚད་ལས་བརྒལ་ཏེ་ འབག་བཅུག་ཡོདཔ་བཞིན་དུ་ ཕྱིར་ཚོང་གི་ གོ་སྐབས་ལེགས་ཤོམ་མཐོངམ་ལས་ ཁོང་མང་ཤོས་ཅིག་གིས་ སྐྱེལ་འདྲེན་ལུ་ མ་རྩ་བཙུགས་ཏེ་ཡོད་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ རྡོ་ཕྱིར་ཚོང་འཐབ་མི་ལས་ཐོབ་མི་ ཏི་རུ་བརྒྱ་ཆ་༧༠ དེ་ཅིག་ སྐྱེལ་འདྲེན་ནང་ ཟད་འགྲོ་གནས་དོ་ཡོདཔ་ད་ སྐྱེལ་འདྲེན་གྱི་ ཚོང་འབྲེལ་འཐབ་མི་ཚུ་ལུ་ ཐོ་སྦོམ་སྦེ་ར་ ཕོག་འོང་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

ལཱ་གཡོག་མ་ཐོབ་མི་དེ་ གནད་དོན་ག་ཅི་ཨིན་ན?

༉ རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་དང་འཁྲིལ་བ་ཅིན་ ལཱ་གཡོག་ཐོབ་མི་ཚུགས་པས་ཟེརཝ་ད་ ཧེ་མ་ ལཱ་འབད་ར་ མ་འབད་མི་ལུ་གོ་ཟེར་ཨིནམ་ད་ ལཱ་གཡོག་མེད་མི་ཚུ་གི་གྲས་ལས་ ལཱ་གི་ཉམས་མྱོང་མེད་མི་དེ་ མཐོ་ཤོས་ཨིནམ་སྦེ་ གསལ་སྟོན་འབད་ནུག། དེ་ཡང་ འཕྲལ་ཁམས་ཅིག་ཁར་ གསལ་སྟོན་འབད་མི་ སྤྱི་ལོ་༢༠༡༨ ཀྱི་ …

Leave a Reply

Your email address will not be published. Required fields are marked *