ས་སྒ་ཚུ་ རྒྱ་གར་ལས་ སེངྒེ་རྒེད་འོག་ནང་ ལོག་འབག་འོང་པའི་ཤུལ་ལས་ རྡོག་ཤིང་གི་རྩ་བར་ བཀོག་བཏང་སྟེ་ རུལ་བཅུག་ནུག།

ཕྱིར་ཚོང་འཐབ་མ་ཚུགསཔ་ལས་ ས་སྒ་མེ་ཊིག་ཊཱན་ ལེ་ཤ་མེདཔ་ཐལ་ཡོདཔ།

༉ འདས་པའི་བདུན་ཕྲག་ནང་ རྒྱ་གར་ལུ་ ས་སྒ་ཕྱིར་ཚོང་འཐབ་ནི་གི་ མཉམ་འབྲེལ་བརྩོན་ཤུགས་དེ་ མཐར་འཁྱོལ་མ་བྱུངམ་ལས་ གསར་སྤང་སེངྒེ་རྒེད་འོག་ལས་ སོ་ནམ་པ་ཚུ་གིས་ ས་སྒ་ཀེ་ཇི་༢,༩༨༥ བཀོག་བཏང་དགོཔ་བྱུང་ནུག།

དགེ་ལེགས་ཕུག་ ལུང་ཕྱོགས་སོ་ནམ་ཚོང་འབྲེལ་ཡིག་ཚང་དང་ དགེ་ལེགས་ཕུག་ལས་ སྒོ་ཚོང་པ་ཅིག་གིས་ རྒེད་འོག་སོ་ནམ་རྒྱ་སྐྱེད་ཡིག་ཚང་གི་ རྒྱབ་སྐྱོར་ཐོག་ལུ་ ས་སྒའི་ཐོན་སྐྱེད་ཕྱི་ཁར་ བཙོང་ནི་གི་ དཔའ་བཅམ་ཡོདཔ་ཨིན་པས།

ས་སྒའི་དོ་ཚུ་ སེངྒེ་ལས་ ཌི་སི་ཨེམ་ཊཱག་ཅིག་ནང་ བཙུགས་ཐོག་ལས་ ས་མཚམས་སྒོ་ར་བརྒལ་ཏེ་ སྐྱེལ་འདྲེན་འབད་བའི་ཤུལ་ལུ་ རྒྱ་གར་གྱི་ས་མཚམས་ཁྲོམ་སྡེ་ དཱཐ་ག་རི་ལུ་ ཚོང་འབྲེལ་འཐབ་མི་ཅིག་དང་ འབྲེལ་བ་འཐབ་ཡོདཔ་ཨིན་པས།

ཚོང་འབྲེལ་པ་དེ་གིས་ དོ་ཁ་ཕྱེ་ལྟཝ་ད་ ས་སྒ་ཚུ་ མ་ཁུག་པར་ཡོདཔ་མཐོང་སྟེ་ ལེན་མ་བཏུབ་པས་ཟེར་ རྒེད་འོག་སོ་ནམ་རྒྱ་འགོ་དཔོན་ འཕྲིན་ལས་དབང་འདུས་ཀྱིས་ བཤད་པའི་ཁར་ གལ་སྲིད་ ལེན་པ་ཅིན་ ས་སྒ་ཚོང་འབྲེལ་འཐབ་སའི་ ས་གོ་ཚུན་ སྐྱེལ་འདྲེན་འབདཝ་ད་ ཉིནམ་དག་པ་ཅིག་ འགོར་ནི་དང་ ས་གོ་ནང་ ལྷོད་པའི་བསྒང་ལས་ མེདཔ་ཐལ་འོང་ཟེར་ སླབ་དེས་ཟེར་ཨིན་པས།

ཕྱིར་ཚོང་འཐབ་ནི་ལུ་ མཉམ་འབྲེལ་འབད་མི་ འགོ་དཔོན་ཚུ་གིས་ རྒྱ་གར་གྱི་ ཚོང་འབྲེལ་པ་ལུ་ གོང་ཚད་མར་ཕབ་འབད་དེ་ བྱིན་འོང་ཟེར་སླབ་རུང་ ཉན་མ་བཏུབ་ལས་ དགེ་ལེགས་ཕུག་དང་ ཐིམ་ཕུག་ལུ་ ཚོད་བསྲེ་བཙོང་མི་ཚུ་ལུ་ བཙོང་ནི་གི་ དཔའ་བཅམ་རུང་ ཉོ་མི་ག་ཡང་མ་ཐོན་པས།

ལུང་ཕྱོགས་སོ་ནམ་ཚོང་འབྲེལ་ཡིག་ཚང་གི་ ཚོང་འབྲེལ་འགོ་དཔོན་ ཟླ་བ་གྲགས་པ་གིས་ སླབ་མིའི་ནང་ ནད་ཡམས་ཀྱི་སྐབས་ལུ་ ཁོང་གིས་ སོ་ནམ་ཚུ་གི་ ཐོན་སྐྱེད་ཕྱིར་ཚོང་འཐབ་ནི་གི་ ལྷན་ཐབས་འབད་ཡོདཔ་བཞིན་དུ་ ནང་འཁོད་ཀྱི་ སྒོ་ཚོང་པ་ཅིག་གི་ གྲོགས་རམ་ཐོག་ལུ་ ཕྱིར་ཚོང་འཐབ་ནི་གི་ བདེ་སྒྲིག་བཟོ་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ དོ་ཚུ་ནང་ ས་སྒ་མ་ཁུག་མི་དང་ ཁུག་མི་སླ་བསྲེས་རྐྱབ་སྟེ་ བཙུགས་ནུག་ཟེར་ཨིན་པས།

སོ་ནམ་པ་ཚུ་གིས་ ད་རེས་ ཕྱིར་ཚོང་འགོ་དང་པ་ འཐབ་དོ་ཡོདཔ་ལས་ ཤེས་རྟོགས་མེད་པར་ སླ་བསྲེས་རྐྱབ་རྐྱབ་འོང་ནི་མས་ཟེར་ ཟླ་བ་གྲགས་པ་གིས་ བཤདཔ་མ་ཚད་ འགྲུལ་སྐྱོད་བཀག་དམ་མ་འབད་བའི་ཧེ་མར་ ཁོང་གིས་ ས་སྒ་གསརཔ་ཐོན་མི་ཚུ་ ནང་འཁོད་ཀྱི་ ཚོང་ཁྲོམ་ཚུ་ནང་ བཙོང་དེས་ཟེར་ཨིན་པས།

ང་བཅས་ཀྱི་ འགན་ཁུར་འདི་ སོ་ནམ་པ་ཚུ་ སྒོ་ཚོང་པ་དང་ འབྲེལ་བ་འཐབ་བཅུག་ནི་དེ་ཨིན་ཟེར་ ཁོ་གིས་ བཤད་པའི་ཁར་ མ་འོངས་པ་ལུ་ འདི་བཟུམ་འཕྲོ་བརླག་མི་འགྱོ་ནིའི་དོན་ལུ་ སོ་ནམ་པ་ཚུ་ལུ་ ཐོག་བསྡུ་ནི་གི་ ཐབས་རིག་ཚུ་གི་སྐོར་ སྦྱོང་བརྡར་བྱིན་དགོཔ་འདུག་ཟེར་ཨིན་པས།

སྤྱི་ཟླ་༡༠ པའི་ཚེས་༥ ལུ་ ས་སྒའི་དོ་ཚུ་ གཡུས་ཁ་ལུ་ ལོག་འབག་འོང་སྟེ་ སོ་ནམ་པ་ཚུ་ལུ་ སྤྲོད་ཡོདཔ་བཞིན་དུ་ ད་རེས་ ས་སྒ་ཚུ་ རྡོག་མ་ཤིང་གི་རྩ་བར་བཞག་སྟེ་ རུལ་བཅུགཔ་མ་ཚད་ ལམ་གྱི་ཟུར་ཁ་ལས་ཕར་ གཏོར་བཞག་ཡོདཔ་ཨིན་པས།

སོ་ནམ་པ་ཚུ་ བློ་ཕམ་བྱུང་ཡོདཔ་མ་ཚད་ ཁོང་ཁྲོ་ཡང་ ལང་ཡོདཔ་ད་ སཱན་མ་ཡ་སུ་བྷ་གིས་ ས་སྒ་འབོར་ཆེ་ཏོག་ཏོ་སྦེ་ བཙོང་ཡོདཔ་བཞིན་དུ་ ཁོ་གི་འབད་བ་ཅིན་ སྤྱི་འོག་ཚོགས་པ་གིས་ གྲོང་གསེབ་མི་སེར་ཚུ་ལུ་ ས་སྒ་བརྐོ་དགོཔ་སྦེ་ སླབ་ཅི་ཟེར་ཨིནམ་ད་ ད་རེས་འབད་བའི་བསྒང་ལས་ ཚོགས་པ་གིས་ རྒེད་འོག་བདག་སྐྱོང་གིས་ བར་འཛུལ་ཐོག་ གནད་དོན་སེལ་དགོཔ་སྦེ་ སླབ་མས་ཟེར་ཨིན་པས།

ང་བཅས་ལུ་ ས་སྒའི་ཐོན་སྐྱེད་ཚུ་ རྒྱ་གར་ལུ་ བཙོང་ནི་ཨིན་ཟེར་ སླབ་པའི་ཤུལ་ལས་ ལོག་འབད་འོང་སྟེ་ རྩིས་སྤྲོད་དེས་ཟེར་ ཁོ་གིས་ བཤདཔ་མ་ཚད་ ཕྱིར་ཚོང་འཐབ་ནིའི་དོན་ལུ་ ལཱ་རྩ་འགེངས་འབད་བའི་མཐའ་མར་ དབུགས་འགམ་སི་སི་ཅིག་ཨིན་མས་ཟེར་ སཱན་མ་ཡ་སུ་བྷ་གིས་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འགྲུལ་སྐྱོད་བཀག་དམ་མ་འབད་བའི་ཧེ་མར་ སོ་ནམ་པ་ཚུ་གིས་ ས་སྒ་ཁུག་མི་དང་ མ་ཁུག་མི་གཉིས་ཆ་ར་ སླ་བསྲེས་ཏེ་ དབང་འདུས་ཕོ་བྲང་དང་ སྤུ་ན་ཁ་ལུ་ཡོད་མི་ སྒོ་ཚོང་པ་ཚུ་ལུ་ བཙོང་ནི་ཡོད་ཟེར་ཨིན་པས།

ཨ་རྟག་འབད་བ་ཅིན་ རྒེད་འོག་དེ་ནང་ལས་ ཐོན་སྐྱེད་འབད་མི་ ས་སྒ་ཚུ་ སྤྱི་ཟླ་༦ པ་དང་༡༢ པའི་ནང་ བསྡུ་ཐོག་ལས་ བཙོང་དོ་ཡོདཔ་ཨིན་པས།

ས་སྒ་ཚུ་ རྒྱ་གར་ལས་ ལོག་འབག་འོང་པའི་ སྐྱེལ་འདྲེན་གླ་ཆ་དེ་ འགོ་དཔོན་དེ་གིས་ སྤྲོད་ཡོདཔ་ད་ སོ་ནམ་པ་མང་ཤོས་ར་ ས་སྒའི་ལཱ་འབད་ནི་ལུ་ ཉམས་མྱོང་ཚུད་ཡོད་རུང་ དེ་བསྒང་ བརྐོ་ནི་གི་ དུས་ཚོད་མ་རན་པས་ཟེར་ འཕྲིན་ལས་དབང་འདུས་ཀྱིས་ བཤདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *