ཕྱིའི་ལས་མི་༢༦ དང་ དེད་གཡོགཔ་༣ བཟུང་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༧ གྱི་དྲོ་པའི་ཆུ་ཚོད་༧ དེ་ཅིག་ཁར་ ཕྱིའི་ལས་མི་༢༦ གིས་ རྒྱལ་སྤྱིའི་ས་མཚམས་བརྒལ་ཏེ་ རྒྱ་གར་ལུ་ འགྱོ་ནི་གི་ དཔའ་བཅམ་པའི་སྐབས་ ཕུན་ཚོགས་གླིང་ དཔག་བསམ་ཁའི་ས་གནས་ སྤོས་དཀར་ཤིང་ལས་ ལྟ་རྟོག་པ་ཚུ་གིས་ བཟུང་ཡོདཔ་ཨིན་པས།
ཁ་ཙ་ ཕུན་ཚོགས་གླིང་ཀོ་བིཌ་-༡༩ གདོང་ལེན་ལས་བྱེད་ཚོགས་ཆུང་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ཕྱིའི་ལས་མི་ཚུ་ རྒྱ་གར་ལུ་ ཁོང་རའི་ཁྱིམ་ནང་ འགྱོ་ནིའི་དོན་ལུ་ ཉེ་བར་མཁོ་བའི་ བྱ་སྒོའི་རིམ་པ་མཇུག་མ་བསྡུ་བར་ ཐིམ་ཕུག་ལས་ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་ཊཱག་༡ དང་ ཌི་སི་ཨེམ་༡ ནང་ སྐྱེལ་འདྲེན་འབད་ནུག་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེ་དང་ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱིས་ སྔོན་འགྲོའི་བརྟག་ཞིབ་འབདཝ་ད་ ཕྱིའི་ལས་མི་ཚུ་ ལོག་འགྱོ་ནིའི་དོན་ལུ་ མཉམ་འབྲེལ་དང་ འགོ་འདྲེན་འཐབ་མི་དེ་ གླ་འཁོར་དེད་གཡོགཔ་ཅིག་ཨིན་པའི་ མངོན་གསལ་བྱུངམ་ལས་ དེད་གཡོགཔ་དང་ ཊཱག་གི་དེད་གཡོགཔ་དེ་ ལྷག་པར་དུ་ ཞིབ་དཔྱད་འབད་ནིའི་དོན་ལུ་ འཛིན་བཟུང་འབད་ཡི་ཟེར་བཀོད་ནུག།
ཌི་སི་ཨེམ་ཊཱག་གི་ དེད་གཡོགཔ་དེ་ཡང་ ཤུལ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་བསྟར་སྤྱོད་འབད་མི་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ཞིབ་དཔྱད་འཕྲོ་མཐུད་འབད་བའི་བསྒང་ཡོདཔ་མ་ཚད་ ཁྲིམས་འགལ་འབད་མི་ཚུ་ལུ་ རིམ་གྱིས་པ་དང་ ཁྲིམས་ཀྱི་རིང་ལུགས་དང་འཁྲིལ་ ཁྲིམས་ཀྱི་དང་ལེན་འབད་འོང་ཟེར་བཀོད་ནུག།
གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ འབྲུག་ལས་ རང་སོའི་རྒྱལ་ཁབ་ནང་ ལོག་འགྱོ་འདོད་ཡོད་མི་ ཕྱི་རྒྱལ་གྱི་ མི་ཚུ་ལུ་ གཞུང་ལས་ བཀག་འཛིན་མེད་རུང་ རྒྱ་གར་གྱི་ མི་ཁུངས་ཨིན་པ་ཅིན་ རྒྱ་གར་ལུ་ འཛུལ་ནི་དང་ རང་སོའི་ཁྱིམ་ནང་ འགྱོ་ནིའི་དོན་ལུ་ རྒྱ་གར་གཞུང་ཚབ་ལས་ཁང་དང་གཅིག་ཁར་ ཐོ་བཀོད་འབད་དེ་ བྱ་སྒོའི་རིམ་པ་ཚུ་ མཇུག་བསྡུ་དགོཔ་ཨིན་པས།
ལཱ་གཡོག་བྱིན་མི་ ག་ར་གིས་ དྲན་པ་ཐེབས་བཏོན་དགོཔ་མ་ཚད་ རང་སོའི་ཕྱིའི་ལས་མི་ཚུ་ རྒྱ་གར་གྱི་ གཞུང་ཚབ་ལས་ཁང་ནང་ ཐོ་བཀོད་དང་ བྱ་སྒོའི་རིམ་པ་ཚུ་ མཇུག་མ་བསྡུ་བར་ ཁྱིམ་ནང་གཏང་ནི་དང་ ཡང་ཅིན་ བྱོག་འགྱོ་ནི་མེདཔ་ ངེས་བརྟན་བཟོ་དགོ་ཟེར་ ཕུན་ཚོགས་གླིང་ཀོ་བིཌ་-༡༩ གདོང་ལེན་ལས་བྱེད་ཚོགས་ཆུང་གིས་ ཞུ་བསྐུལ་འབད་བའི་ཁར་ འདི་བཟུམ་མའི་ གནད་དོན་ཚུ་ ཐོན་པ་ཅིན་ ལས་གཡོག་ལྷན་ཁག་ལུ་ སྙན་ཞུ་འབད་གནང་ཟེར་ ཞུ་བ་འབདཝ་ཨིན་པའི་གནས་ཚུལ།

About admin

Check Also

ཁྲིམས་སྲུང་འགག་པ་གིས་ ཆ་རོགས་ཅིག་ལུ་ གྱི་གསོབ་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༢༢ ལུ་ སྐྱེས་ལོ་༢༠ ལང་མི་ ཁྲིམས་སྲུང་འགག་པ་གིས་ ཕུན་ཚོགས་གླིང་ལས་ སྐྱེས་ལོ་༢༣ ལང་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ གྱི་གསོབ་པའི་ཤུལ་ལས་ སྨན་ཁང་ནང་ འབག་འགྱོ་བའི་ལམ་ཁར་ ཤི་སོཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *