ཕྱི་རྒྱལ་ལཱ་གཡོག་གི་བྲེལ་ཟིང་།

༉ རྒྱ་གར་དང་ ཇ་པཱན་ལུ་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་ འགོ་འདྲེན་འཐབ་སྟེ་ འབྲུག་པའི་ན་གཞོན་བརྒྱ་ཕྲག་ལས་བཅད་དེ་ བཏང་ཡོད་མིའི་སྐོར་ལས་ ཁ་ཉེས་འདྲ་མིན་སྣ་ཚོགས་བཀོད་དེ་ ལོ་ལྷགཔ་ཅིག་གི་ཤུལ་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ལཱ་གཡོག་གི་ དཀའ་ངལ་སེལ་ཐབས་ལུ་ འགོ་བཙུགས་མི་ ལས་རིམ་དེ་ནང་ ངན་ལྷད་ལག་ལེན་ཡོད་པའི་ གནད་དོན་དག་པ་ཅིག་ གསལ་སྟོན་འབད་ནུག།
དེ་ཡང་ སྤྱི་ཟླ་༡༢ པའི་ཚེས་༢༨ ལུ་ ཉེས་བཤེར་གྱི་ གྲོས་འདེབས་ཐོག་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་བཏང་མི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་ནང་ ལས་གཡོག་བློན་པོ་བགྲེསཔ་དང་ ད་ལྟོ་ཕྱག་ཞུ་བའི་བསྒང་ཡོད་མི་ ལས་གཡོག་དང་ མི་སྟོབས་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ དེ་ལས་ ལས་རིམ་འགོ་དཔོན་ལུ་ ངན་ལྷད་ཀྱི་ ལཱ་བྱ་འཐབ་ཡོད་པའི་ ཉེས་འཛུགས་འབཀོད་དེ་འདུག།
ལྷན་ཚོགས་ཀྱིས་ འབྲུག་ཕྱི་རྒྱལ་ལཱ་གཡོག་(བི་ཨོ་ཨི)ལས་སྡེའི་ ཚོང་འབྲེལ་ཆོག་ཐམ་ ཆ་མེད་གཏང་དགོཔ་སྦེ་ བཀོད་ཡོདཔ་མ་ཚད་ ལས་གཡོག་ལྷན་ཁག་ལུ་ ཇ་པཱན་ལུ་བཏང་མི་ སློབ་ཕྲུག་༥༡༡ ལས་ སྐད་སྒྱུར་གྱི་འཐུས་ དངུལ་ཀྲམ་ས་ཡ་༣.༨༣༢ བི་ཨོ་ཨི་ལས་སྡེ་ལས་ ལོག་བཙུགས་དགོ་པའི་ གྲོས་འདེབས་བཀོད་ནུག།
འབྲེལ་གཏོགས་ཅན་ཚུ་ལུ་ ཉེས་འཛུགས་ལེ་ཤ་བཀལ་ཏེ་ཡོད་པའི་ཁར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྩོད་དོན་དེ་ནང་ ཚུལ་མིན་ལག་ལེན་བདའ་ཟུན་མི་ལུ་ བསྟོད་བསྔགས་བརྗོདཔ་དང་གཅིག་ཁར་ འབྲུག་ཕྱི་རྒྱལ་ལཱ་གཡོག་ལས་སྡེའི་ ཇོ་བདག་ལུ་ འགན་འཁྲི་མ་བཀལ་མི་ལུ་ སྐྱོན་བརྗོད་ཡང་འབདཝ་མས།
ཇ་པཱན་ལུ་ཡོད་མི་ འབྲུག་མི་ན་གཞོན་ཚུ་གི་ དཀའ་སྡུག་གནས་སྟངས་དེ་ རྩོད་རྙོགས་ཅན་ཅིག་སྦེ་ར་ གནས་ཡོདཔ་བཞིན་དུ་ དེ་གི་དོན་ལུ་ གཞུང་གིས་ ལྷན་རྒྱས་གཞུང་ཚོགས་ནང་ གསུང་གྲོས་གནང་འོང་ཟེར་ སླབ་ཨིན་མས།
ཨིན་རུང་ ཞིབ་དཔྱད་སྙན་ཞུ་ནང་ ཕྱི་རྒྱལ་ལཱ་གཡོག་གི་ དཀའ་ངལ་ཐོན་དགོ་པའི་ རྒྱུ་རྐྱེན་དང་ ལས་གཡོག་ལྷན་ཁག་གིས་ ལས་མི་ཚུ་གི་ ཐོབ་དབང་ཉེན་སྐྱོབ་འབད་མ་ཚུགས་པར་ འཐུས་ཤོར་བྱུང་མིའི་སྐོར་ལས་ གསལ་བཀོད་འབད་ཡོད་མི་དེ་ཡང་ ལས་གཡོག་ལྷན་ཁག་གིས་ ཇ་པཱན་ལུ་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་དེ་ ཚོང་པ་རེ་གཉིས་ཀྱིས་ འགོ་འདྲེན་འཐབ་མི་དེ་ཕར་བཞག་ ཐ་ན་ ལྷན་ཁག་གི་ མི་ཚུ་ར་ ལྟ་རྟོག་འབད་མ་ཚུགས་པས།
ལྟ་རྟོག་དང་ དམ་འཛིན་འབད་ནིའི་ཚབ་ལུ་ ལས་སྡེ་དང་ འབྲེལ་བ་འཐབ་མི་ ཡོངས་ཁྱབ་མདོ་ཆེན་དང་ ཕྱི་རྒྱལ་ལུ་ཡོད་མི་ ན་གཞོན་ དེ་ལས་ ལྷན་ཁག་དེ་ ངན་ལྷད་ལག་ལེན་ནང་ འབྲེལ་གཏོགས་ཡོད་པའི་ ཁ་ཉེས་བཀལ་མི་དེ་ཡང་ ཇ་པཱན་ལུ་ ཕྱི་རྒྱལ་ལཱ་གཡོག་ལས་རིམ་ འགོ་བཙུགས་ནི་གི་ གྲོས་འཆར་དེ་ སྒེར་གྱི་ཚོང་པ་གིས་ བཙུགས་མི་བལྟ་བ་ཅིན་ ལྷན་ཁག་དང་ འདས་པའི་གཞུང་གིས་ ཕྱི་རྒྱལ་ལཱ་གཡོག་གི་དོན་ལུ་ ན་གཞོན་༣༠,༠༠༠ གཏང་ནི་གི་ ཁས་བླངས་འགྲུབ་ཐབས་ལུ་ ངེས་པར་དུ་ དགོས་མཁོ་ཡོདཔ་བཟུམ་ཅིག་ལུ་ གྱུར་ཡོདཔ་ལས་ ངན་ལྷད་ནང་ ཞུགས་ནི་གི་ གོ་སྐབས་སྦོམ་ཅིག་བཟོ་ནུག།
ད་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ལས་གཡོག་ལྷན་ཁག་གི་ འགོ་དཔོན་ཚུ་ལུ་ བདག་སྐྱོང་དང་འབྲེལ་བའི་ ཁྲིམས་ཀྱི་དང་ལེན་དང་ བཅའ་ཡིག་ལས་འགལ་ཏེ་ མ་དངུལ་བསྡུ་ལེན་འབད་མི་ཚུ་ཡང་ སོར་ཆུད་འབད་དགོཔ་སྦེ་ ནན་བསྐུལ་འབད་མི་དེ་ཡང་ ཁོང་གི་ འཐུས་ཤོར་ལུ་བརྟེན་ ང་བཅས་རའི་ ན་གཞོན་ཚུ་ ནང་དོག་སར་ཚུད་བཅུག་མི་དེ་ སེམས་ཕམ་བྱུང་པའི་ གཞི་གནད་ཅིག་ཨིན་མས།
མི་སེར་ལས་ བཙག་འཐུ་གྲུབ་མི་ སྤྱི་གཡོགཔ་དང་ ཞི་གཡོག་ནང་ལས་ གཟེངས་ཐོན་ལུ་ གཞི་བཞག་སྟེ་ གལ་གནད་ཅན་གྱི་ གོ་གནས་ནང་ བསྐོ་བཞག་འབད་མི་ ཞི་གཡོགཔ་ཚུ་ ཚུལ་མིན་དང་ ངན་ལྷད་ནང་ ཞུགས་མི་ལུ་ བཟོད་བསྲན་འབད་ནི་དེ་ མཚམས་འཇོག་འབད་ནིའི་ དུས་ཚོད་རན་པའི་ཁར་ རྩོད་བཤེར་འབད་བའི་མཐའ་མར་ ཉེས་པ་ཡོད་པའི་ འཁྲུན་ཆོད་གནང་པ་ཅིན་ ཞི་གཡོག་ལྷན་ཚོགས་ཀྱིས་ འདི་བཟུམ་མའི་ ཞི་གཡོགཔ་ཚུ་ ལས་སྡེ་གཅིག་ལས་ གཞན་ཅིག་ནང་ གནས་སོར་གཏང་ནི་དེ་ཡང་ མཚམས་འཇོག་འབད་དགོ།

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *