ཕྱི་འབྲེལ་འཐུས་ཀྱིས་ གཞུང་ཚབ་ལས་ཁང་གི་ ལས་བྱེདཔ་ཚུ་ལུ་ ཕན་ཁྱད་འབྱུང་ནི།

༉ གཞུང་གིས་ དངུལ་ཕོགས་ལྷན་ཚོགས་༤ པའི་ གྲོས་འདེབས་ཚུ་ ལག་ལེན་འཐབ་ཚུགས་པ་ཅིན་ རྒྱ་གར་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་གི་ ལས་བྱེདཔ་ཚུ་ལུ་ ཁེ་ཕན་སྦོམ་སྦེ་ར་ འབྱུང་ནི་ཨིན་པས།
དེ་ཡང་ དངུལ་ཕོགས་ལྷན་ཚོགས་ཀྱིས་ ཕྱི་འབྲེལ་ཞབས་ཏོག་དང་ ངོ་ཚབ་ཀྱི་ འཐུས་བརྒྱ་ཆ་༡༠༠ ཡར་སེང་གི་ གྲོས་འདེབས་བཀོད་མི་ལུ་བརྟེན་ཨིན་པས།
གཞུང་ཚབ་ལས་ཁང་གཞན་ཚུ་དང་ཕྱདཔ་ད་ ནིའུ་ལྡི་ལི་ལུ་ འབྲུག་གི་གཞུང་ཚབ་ཡིག་ཚང་དེ་མིང་གཏམ་ཡར་དྲག་ཐོག་ ཡིག་ཚང་དེ་ནང་ ཕྱི་འབྲེལ་དོན་གཅོདཔ་དྲག་ཤོས་ཚུ་ ཕྱག་ཞུ་བར་ འགྱོ་བ་ནི་གི་ སྤྲོ་བ་བསྐྱེད་ཐབས་ལུ་ཨིན་མི་དེ་ཡང་ འབྲུག་གི་མཐུན་འབྲེལ་དེ་ རྒྱ་གར་གཞུང་དང་ གལ་ཆེཝ་སྦེ་ བརྩི་འཇོག་འབད་མི་ལུ་བརྟེན་ཨིན་པས།
སྤྱི་ལོ་༢༠༡༤ ལུ་ དངུལ་ཕོགས་ལྷན་ཚོགས་༢ པ་གིས་ཡང་ ཕྱི་འབྲེལ་ཡིག་ཚང་ཚུ་ནང་ ལཱ་འབད་མི་ཚུ་གི་དོན་ལུ་ འཐུས་ཚུ་བསྐྱར་ཞིབ་འབད་ཡོད་རུང་ བསྟར་སྤྱོད་འབད་མ་ཚུགས་པར་ལུས་ནུག།
ལྷན་ཚོགས་ཀྱིས་ ཕྱི་འབྲེལ་ཞབས་ཏོག་ཞུ་མི་ཚུ་གི་དོན་ལུ་ སྤྱི་ལོ་༢༠༠༢ ལུ་ ཁོང་གི་ ཐོབ་ཐངས་ཚུ་ བསྐྱར་ཞིབ་མ་འབད་མི་ལུ་ བསྐྱར་ཞིབ་འབད་དགོ་པའི་ གྲོས་འཆར་ཕུལ་ཡོདཔ་ད་ འཐུས་ཚུ་ཡང་ སྤྱི་ལོ་༢༠༡༤ ལུ་ བསྐྱར་ཞིབ་འབད་ཡོད་རུང་ ལག་ལེན་འཐབ་མ་ཚུགས་པས།
ད་རུང་ རྒྱ་གར་ཀཱོལ་ཀ་ཊ་ལུ་ཡོད་མི་ འབྲེལ་འཛིན་དང་བརྒྱུད་འགྲུལ་ཡིག་ཚང་གི་ཕྱི་འབྲེལ་ཞབས་ཏོག་འཐུས་བསྐྱར་ཞིབ་ཐོག་ ཕྱག་ཞུ་མི་ ངོ་ཚབ་ཚུ་ལུ་ ཐོབ་ལམ་ཡོདཔ་ བཟོ་དགོ་པའི་ གྲོས་འདེབས་བཀོད་ནུག།
དེ་མ་ཚད་ ལཱ་གཡོག་གི་གོ་སྐབས་བཟོ་ནིའི་དོན་ལུ་ལྷན་ཚོགས་ཀྱིས་གཞུང་ཚབ་ཡིག་ཚང་ནང་ལས་བྱེདཔ་ཚུ་ཕྱི་མི་མེན་པར་འབྲུག་མི་བཙུགས་དགོ་པའི་གྲོས་འདེབས་བཀོད་ནུག།
ལྷན་ཚོགས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ ཕྱི་འབྲེལ་ཞབས་ཏོག་གི་འཐུས་ ལམ་འགྲུལ་གྱི་ བསྐྱོད་ཚད་དང་ དུས་ཐེབས་འཐུས་ གསོ་བའི་ཟད་འགྲོ་ ཉེན་བཅོལ་ སྟབས་གཅིག་ལག་སྤྲོད་འཐུས་ ནང་འཁོད་ལཱ་འབད་མི་ བཀོལ་སྤྱོད་འཐུས་ལ་སོགས་པ་ཚུ་ ད་ལྟོའི་གནས་ཚད་དང་འཁྲིལ་ བཞག་དགོཔ་སྦེ་བཀོད་ནུག།
དུས་ཐེབས་འཐུས་དེ་ ས་གནས་དང་འཁྲིལ་དགོཔ་ཨིན་རུང་ བེང་ཀོག་ལུ་ འབད་བ་ཅིན་ ཆུ་ཚོད་རེ་ལུ་ བཱཊ་༦༥ ལས་༡༠༠ ལུ་ ཡར་སེང་འབད་དགོ་པའི་ གྲོས་འཆར་བཀོད་ནུག།
གྲོས་འདེབས་གཅིག་ གཞུང་ཚབ་དང་ དོན་གཅོད་ཡིག་ཚང་ཚུ་གི་ ས་གནས་ག་རའི་ནང་ ཁང་གླའི་འཐུས་ བརྒྱ་ཆ་༡༠ ཡར་སེང་དང་ ཌཱ་ཀ་ལུ་ འབྲུག་གི་གཞུང་ཚབ་ནང་འབད་བ་ཅིན་ བརྒྱ་ཆ་༤༧ ཡར་སེང་འབད་ནི་དེ་ཨིན་པས།
ལྷན་ཚོགས་ཀྱིས་ འབྲེལ་ཡོད་རྒྱལ་ཁབ་ཚུ་ནང་ཤེས་ཡོན་གྱི་ཟད་འགྲོ་ཡར་འཕར་སོང་མི་ལུ་བརྟེན་ཨ་ལོའི་འཐུས་ཚུ་བསྐྱར་ཞིབ་འབད་ཡོད་རུང་འཐུས་ཚུ་ཡང་གནས་སོར་བཏང་ཡོད་མི་རྒྱལ་ཁབ་ནང་མ་གཏོགས་ཤེས་ཡོན་སྦྱང་པར་ རྒྱལ་ཁབ་སོ་སོ་ནང་ འགྱོ་མི་ཚུ་ལུ་ འཐུས་འཐོབ་ནི་གི་ འོས་འབབ་མེདཔ་ཨིན་པས།
ཁང་གླའི་འཐུས་ཀྱི་ མཐོ་ཚད་དེ་ཡང་ འགོ་དཔོན་ཅིག་གིས་ ཁང་ཚན་༡ ལས་བརྒལ་ཏེ་ མི་འཐོབ་ནི་ཨིནམ་ད་ མཐོ་ཚད་དེ་ཡང་ འབྲེལ་ཡོད་རྒྱལ་ཁབ་ཀྱི་ ཁྱིམ་གྱི་བཅའ་ཁྲིམས་དང་ བརྙ་ལེན་གན་རྒྱ་དང་འཁྲིལ་ཏེ་ བསྐྱར་ཞིབ་འབད་ནུག།
ལྡི་ལི་དང་ ཌཱ་ཀ་ཚུ་ནང་ ནང་འཁོད་ཀྱི་མི་ཚུ་ བཙུགས་པ་ཅིན་ གཞུང་གི་དངུལ་ཕོགས་དང་འཁྲིལ་ཏེ་ བྱིན་དགོཔ་བཞིན་དུ་ ལས་བྱེད་པའི་ ཁག་འབག་གི་ གནས་ཡུན་དེ་ རྫོགས་ཞིནམ་ལས་ འབྲུག་པའི་ལས་བྱེདཔ་ཚུ་ བཙུགས་དགོ་པའི་ གྲོས་འདེབས་བཀོད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མི་དམངས་མཁོ་སྒྲུབ་ཞལ་འཛོམས་ ནངས་པར་མཇུག་བསྡུ་ནི།

༉ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་འཐུས་མི་རྒྱལ་ཁབ་༨ ནང་ མི་དམངས་མཁོ་སྒྲུབ་དང་འབྲེལ་བའི་ལམ་ལུགས་དང་ ཁྲིམས་འབྲེལ་གྱི་ལཱ་ཚུ་ ཡར་དྲག་སོང་སྟེ་ཡོད་རུང་ བསྟར་སྤྱོད་འབད་ནིའི་ནང་ གདོང་ལེན་འབྱུང་བཞིན་དུ་ཡོདཔ་ལས་ མི་དམངས་མཁོ་སྒྲུབ་ཞལ་འཛོམས་ཐེངས་༦ པ་དེ་ ཁྱད་རིག་མཁོ་སྒྲུབ་འབད་ནིའི་བརྗོད་དོན་ཐོག་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས། ཞལ་འཛོམས་དེ་ཡང་ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་དང་ …

Leave a Reply

Your email address will not be published. Required fields are marked *