ཕྱི་ཁར་སྡོད་མི་འབྲུག་མི་ཚུ་ རྒྱལ་ཁབ་ནང་ ལེན་ནིའི་འཆར་གཞི།

༉ ཀོ་རོ་ན་བའེ་རཱསི་ནད་ཡམས་ཀྱི་ གནས་སྟངས་ཚབས་ཆེན་ཅིག་ལུ་འགྱུར་བ་ཅིན་ གཞུང་གིས་ ཕྱིའི་རྒྱལ་ཁབ་ཚུ་ནང་སྡོད་མི་ འབྲུག་མི་ཚུ་ རྒྱལ་ཁབ་ནང་ ལེན་ནིའི་དོན་ལུ་ གནམ་གྲུ་གཏང་ནི་ཨིན་པས།
ཨིན་རུང་ ཕྱི་འབྲེལ་བློན་པོ་ རྟ་མགྲིན་རྡོ་རྗེ་གིས་ འབྲུག་རྒྱང་བསྒྲགས་ལས་འཛིན་ལུ་ བཤད་དོ་བཟུམ་འབད་བ་ཅིན་ ད་ལྟོ་ རྒྱལ་ཁབ་མང་ཤོས་ཅིག་ནང་ གནམ་གྲུའི་འཕུར་འགྲུལ་ཚུ་ བཀག་དམ་འབད་ཡོདཔ་ལས་ འབད་ཐབས་མིན་འདུག་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ ཕྱི་རྒྱལ་ལུ་སྡོད་མི་ཚུ་གི་གྲས་ལས་ འབྲུག་ལུ་འོང་མི་ མང་ཤོས་ར་ དབུས་ཤར་རྒྱལ་ཁབ་ཚུ་ནང་ལས་ བསྡོམས་༤,༠༠༠ དེ་ཅིག་ཡོད་མིའི་གྲས་ལས་༡,༠༠༠ དེ་ཅིག་གིས་ ལོག་འོང་ནིའི་དོན་ལུ་ ཐོ་བཀོད་འབད་ཡོད་རུང་ གཞན་མི་ཚུ་གིས་ གནས་སྟངས་དང་འཁྲིལ་ ཐག་གཅད་ནི་སྦེ་འདུག་ཟེར་ཨིན་པས།
ཀུ་ཝེཊ་ལུ་འབད་བ་ཅིན་ འབྲུག་མི་ལཱ་འབད་མི་ཚུ་ག་ར་ ལཱ་གཡོག་བྱིན་མི་ལས་སྡེ་གིས་ བདག་འཛིན་ལེགས་ཤོམ་འཐབ་སྟེ་ཡོད་པའི་ཁར་ ལས་སྡེ་ཚུ་གིས་ དངུལ་ཕོགས་ཡང་ སྤྲོད་དེ་ཡོད་རུང་ ང་བཅས་ཀྱིས་ འབྲུག་མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་མ་ཚད་ གཞུང་ཚབ་ཡིག་ཚང་ཚུ་དང་གཅིག་ཁར་ཡང་ འབྲེལ་བ་འཐབ་སྟེ་ར་ཡོད་ཟེར་ཨིན་པས།
དེ་ལས་ རྒྱ་གར་ལུ་ ལཱ་འབད་ནི་དང་ དཔེ་ཆ་ལྷབ་པར་སོང་མི་ སློབ་ཕྲུག་བརྩིས་ཏེ་༡,༠༠༠ ལྷགཔ་ཅིག་ ཡོད་མི་ཚུ་གི་དོན་ལུ་ གཞུང་གིས་ གནམ་གྲུ་ལེན་པར་གཏང་དགོ་པ་ཅིན་ ཁོང་ཆ་ཁྱབ་ གཅིག་ཁར་འཛོམས་ནིའི་དོན་ལུ་ ཁྲོམ་སྡེ་༨ དེ་ཅིག་ ངོས་འཛིན་འབད་དེ་ཡོདཔ་ད་ ཨཱསི་ཊེ་ལི་ཡ་ པརཐི་ལས་ འབྲུག་མི་༤༠༠ དེ་ཅིག་དང་ ཀེན་བི་ར་ལས་༨༠ དེ་ལས་ མཱལ་དིབསི་ལས་༨༠ དེ་ཅིག་ ལོག་འོང་ནིའི་དོན་ལུ་ ཐོ་བཀོད་འབད་དེ་ཡོད་ཟེར་ ཕྱི་འབྲེལ་བློན་པོ་གིས་བཤད་ཅི།
ཇ་པཱན་དང་ ཡུ་རོབ་རྒྱལ་ཁབ་ཚུ་ནང་ཡང་ འབྲུག་མི་ཚུ་ཡོདཔ་ཨིན་རུང་ གྱངས་ཁ་ཆོདཔ་ཅིག་ལས་མེད་པའི་ཁར་ དབུས་ཤར་རྒྱལ་ཁབ་ཚུ་ནང་ལས་ དེ་འཕྲོ་ལས་འོང་ནིའི་ འཆར་གཞི་མེད་མི་༤,༠༠༠བརྩིས་ཏེ་ བསྡོམས་ཀྱིས་འབྲུག་མི་༦,༠༠༠དེ་ཅིག་ འཐོན་ནི་ཨིན་པས།
ཨིན་རུང་ དེ་འཕྲོ་ལས་འོང་མི་དེ་ ༢,༠༠༠དང་༣,༠༠༠དེ་ཅིག་ཨིན་མས་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤད་ཡོདཔ་ད་ གཞུང་གིས་ གནམ་གྲུ་ལེན་པར་གཏང་ནིའི་ འཆར་གཞི་ཡོད་མི་དང་འབྲེལ་ མི་ཚུ་གིས་ ཟད་འགྲོའི་སྐོར་ལས་ཡང་ ཤེས་དགོ་ཟེར་ཨིན་པས།
ད་ལྟོ་ ང་བཅས་ཀྱི་ གནམ་གྲུ་འཕུར་འགྲུལ་འབད་མི་ རྒྱལ་སྤྱིའི་གནམ་ཐང་ཚུ་ག་ར་ སྒོ་བསྡམས་ཏེ་ཡོདཔ་ལས་ ལེན་པར་གཏང་ནི་ལུ་ ལཱ་ཁག་ཡོད་པའི་ཁར་ རྒྱལ་ཁབ་ལ་ལོ་ཅིག་གིས་ གློ་བུར་གྱི་གྲོས་ཐག་གཅད་དོ་ཡོདཔ་ལས་ དེ་གིས་ འགྲོ་འགྲུལ་གྱི་དོན་ལུ་ འཆར་གཞི་བཟོ་ནི་དེ་ཡང་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
ཨིན་རུང་ གཞུང་གིས་ འབྲུག་མི་ཡོད་པའི་ རྒྱལ་ཁབ་ཚུ་དང་གཅིག་ཁར་ བློ་སླབ་དོ་ཡོདཔ་ད་ དམིགས་བསལ་དུ་ རྒྱ་གཞུང་དང་གཅིག་ཁར་ ཁྲོམ་སྡེ་༧ ལས་ འབྲུག་མི་ཚུ་ལེན་ནིའི་དོན་ལུ་ འབྲེལ་བ་འཐབ་བཞིན་དུ་ཡོདཔ་ད་ འཆར་གཞི་ཚུ་ཡང་ བཟོ་ཚར་ཏེ་ཡོད་ཟེར་ཨིན་པས།
རྒྱ་གར་ལུ་ སྤྱི་ཟླ་འདི་གི་ཚེས་༡༤ ཚུན་ འགྲོ་འགྲུལ་གྱི་རིགས་ཚུ་ སྒོ་བསྡམས་ཡོད་རུང་ གཞུང་གིས་ དེ་གི་ཧེ་མར་ གནམ་གྲུ་དག་པ་ཅིག་ གཏང་ཚུགས་པའི་རེ་བ་ཡོདཔ་ད་ དེའི་ཤུལ་ལས་ རྒྱ་གཞུང་གིས་ གནམ་ཐང་སྒོ་བསྡམ་མི་ཚུ་ ལོག་ཕྱེ་བ་ཅིན་ འབྲུག་མི་ག་ར་གིས་ ལོག་རྒྱལ་ཁབ་ནང་ འོང་ཚུགས་ཟེར་ ཕྱི་འབྲེལ་བློན་པོ་གིས་བཤདཔ་ཨིན་པས།
དེ་བཟུམ་སྦེ་ འབྲུག་གི་མཁའ་འགྲུལ་ལས་སྡེ་གཉིས་ཆ་ར་གིས་ དབུས་ཤར་རྒྱལ་ཁབ་ཚུ་ནང་ འབྲུག་མི་ལེན་པར་འགྱོ་ནིའི་དོན་ལུ་ འཆར་གཞི་ཚུ་ བཟོ་སྟེ་ཡོདཔ་ད་ དེ་ལས་ ཨཱསི་ཊེ་ལི་ཡ་ལུ་ཡང་ འགྱོ་ནིའི་དོན་ལས་ འཆར་གཞི་བཟོ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིནམ་ད་ དེ་གི་དོན་ལུ འཕུར་འགྲུལ་འབད་བའི་སྐབས་ བར་ན་ལུ་ རྒྱལ་ཁབ་༢ ནང་ཆགས་དགོཔ་ལས་ དེ་གི་དོན་ལུ་ཡང་ རྒྱལ་ཁབ་དེ་ཚུ་ལས་ གནང་བ་ལེན་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
དེ་ལས་ མཱལ་དིབསི་ལུ་ཡང་ གཏང་ནི་ཨིནམ་ད་ འོང་མི་ཚུ་གིས་ ཟད་འགྲོ་ག་དེམ་ཅིག་ གནས་ནི་ཨིན་ན་ཡང་ ཤེས་ཚུགས་བཟོ་ནི་ཟེར་ ཕྱི་འབྲེལ་བློན་པོ་གིས་ བཤད་ཡོདཔ་ད་ ད་ལྟོ་ བཀག་དམ་འབད་ཡོད་མི་ རྒྱལ་ཁབ་དེ་ཚུ་ལས་ གནང་བ་འཐོབ་པ་ཅིན་ ལེན་པར་གཏང་ནི་ཟེར་བཤད་ཅི།
ནད་ཡམས་དེ་གིས་ རྒྱལ་སྤྱི་ལུ་ གནོད་པ་སྦོམ་རྐྱབ་སྟེ་ཡོད་རུང་ ད་ལྟོ་ ཕྱི་རྒྱལ་ལུ་ཡོད་མི་ འབྲུག་མི་ག་ལུ་ཡང་ དཀའ་ངལ་ཚབས་ཆེན་མ་ཐོན་པས་ཟེར་ཨིནམ་ད་ གཞུང་གིས་ འབྲུག་པའི་མི་སྡེའི་ངོ་ཚབ་ཚུ་ ངོས་འཛིན་འབད་དེ་ འབྲེལ་བ་འཐབ་སྟེ་ཡོད་ཟེར་ཨིན་པས།
ཕྱི་འབྲེལ་བློན་པོ་གིས་ འབྲུག་མི་ཚུ་ གཅིག་གིས་གཅིག་ལུ་ ཆ་རོགས་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིནམ་ད་ གནས་སྟངས་དེ་ ཚབས་ཆེན་ཅིག་ལུ་འགྱོ་བ་ཅིན་ གཞུང་གིས་ འབྲུག་མི་ཚུ་གི་དོན་ལུ་ ཐབས་ཤེས་སྣ་ཚོགས་བཏོན་ནིའི་ འཆར་གཞི་ཡོད་མི་ཚུ་གི་གྲས་ལས་ གཅིག་ ལོག་རྒྱལ་ཁབ་ནང་འཁྱིད་འོང་ནི་དང་ ལཱ་མེད་པར་ བཟའ་འཐུང་ཉོ་མ་ཚུགས་པའི་ གནས་སྟངས་ནང་ཡོད་པ་ཅིན་ དེ་གི་དོན་ལུ་ སྐྱིན་འགྲུལ་དུམ་གྲ་རེ་ གཏང་ནིའི་འཆར་གཞི་ཚུ་ བཟོ་སྟེ་ཡོད་ཟེར་ཨིན་པས།
ད་རེས་ ཕྱིའི་རྒྱལ་ཁབ་ཚུ་ནང་ཡོད་མི་ འབྲུག་མི་མང་ཤོས་ར་ གཞོནམ་ཚུ་ཨིནམ་ལས་ རེ་གཉིས་ལུ་ ནད་འབུབ་འཐོབ་སྲིད་རུང་ དྲག་ཚུགས་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིན་པས།
ཨིན་རུང་ ཨསི་ཊེ་ལི་ཡ་གི་བློན་ཆེན་གྱིས་ འཕྲལ་ཁམས་ཅིག་ཁར་ ད་ལྟོའི་གནས་སྟངས་ནང་ ཁོ་གི་གཞུང་གིས་ རྒྱལ་སྤྱིའི་སློབ་ཕྲུག་ཚུ་དང་ ལཱ་འབད་སྡོད་མི་ཚུ་ལུ་ གཙོ་རིམ་བྱིན་མི་ཚུགས་ནི་ཨིནམ་ལས་ རང་སོའི་རྒྱལ་ཁབ་ནང་ ལོག་འགྱོ་བ་ཅིན་ མི་དྲག་ག་ཟེར་བའི་ གསལ་བསྒྲགས་འབད་མི་ལུ་ འབྲུག་མི་མང་ཤོས་ར་ སེམས་མ་དགའ་བར་ཡོདཔ་ཨིན་པས།
ཨིན་རུང་ ཨཱསི་ཊེ་ལི་ཡ་ལུ་སོང་སྟེ་ ལོ་ངོ་མང་རབས་ཅིག་སྡོད་མི་ཚུ་ལུ་ དཀའ་ངལ་དེ་ཅིག་ མི་འབྱུང་ནི་ཨིན་རུང་ ལོ་གངམ་མ་ལང་མི་ཚུ་ལུ་ དཀའ་ངལ་འབྱུང་འོང་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *