མེ་རྐྱེན་གྱི་འཚིགས་ཤུལ།

ཕོངས་མེད་རྒེད་འོག་ཡིག་ཚང་ མེ་གིས་འཚིགས་ཡོདཔ།

ཡིག་ཚང་མེ་སྤར་བཏང་ནུག་ཟེར་ མི་སྡེ་བརྡ་བརྒྱུད་ནང་ འཐོར་གཏམ་དར་ཁྱབ་སོང་མི་དེ་ མི་བདེན་མས།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༤:༣༠ དེ་ཅིག་ཁར་ བཀྲིས་སྒང་ཕོངས་མེད་རྒེད་འོག་ཡིག་ཚང་ རྩ་བར་ལས་ མེ་རྐྱེན་གྱིས་ འཚིགས་ཡོདཔ་ཨིན་པས།
མེ་འབར་སར་ འགོ་དང་པ་མཐོང་མི་ གཡུས་མི་རྣམ་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ དྲོ་པ་ཆབ་གསང་འབད་བར་འགྱོཝ་ད་ རྒེད་འོག་གི་ཡིག་ཚང་དེ་ དུ་པ་གིས་གང་སར་ མཐོང་ཡི་ཟེར་ཨིནམ་ད་ ཁོ་གིས་ དེ་འཕྲོ་ལས་ དམང་མི་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མེ་བསད་ཚུགས་པ་ཅིན་ཟེར་མནོ་སྟེ་ ཁྱིམ་ཚང་ཚུ་ འབོ་བར་འགྱོ་བའི་ཤུལ་ལུ་ ལོག་འོངམ་ད་ རྒེད་འོག་གི་སྒྲིང་ཁྱིམ་གུ་ མེ་ཤུགས་སྦེ་ར་འབར་ཡོདཔ་ལས་ འབད་ཐབས་ག་ཅི་ཡང་མ་འབྱུང་ཟེར་ཨིནམ་ད་ རྒེད་འོག་ཡིག་ཚང་དེ་ མིག་གི་གདོང་ཁར་ར་ མེ་གིས་འཚིགས་ཚར་ཡི་ཟེར་ཨིན་པས།
རྒེད་འོག་ཡིག་ཚང་ མེ་གིས་འཚིགས་པའི་སྐོར་ལས་ དམང་མི་ལུ་ སྙན་ཞུ་ལྷོད་པའི་ཤུལ་ལས་ བཀྲིས་སྒང་ཁྲིམས་སྲུང་མེ་བསད་སྡེ་ཚན་ལུ་ བརྒྱུད་འཕྲིན་ཨང་གྲངས་༡༡༣ གྱི་ཐོག་ལས་ སྙན་ཞུ་འབད་ཡོདཔ་ཨིན་པས།
མེ་ཚད་འཛིན་འབད་ནིའི་དོན་ལུ་ བཀྲིས་སྒང་ལས་ མེ་བསད་སྣུམ་འཁོར་དང་སྦྲགས་ཏེ་ ཁྲིམས་སྲུང་འགོ་དཔོན་༢༠ ལྷགཔ་ཅིག་གིས་ རྒྱབ་སྐྱོར་འབད་ཡོདཔ་ད་ མེ་བསད་སྣུམ་འཁོར་ཚུ་ ལམ་ཐག་རིང་ནི་དེ་གིས་ སྙན་ཞུ་འབད་དེ་ དུས་ཡུན་ཚོད་༡ ལྷགཔ་ཅིག་གི་ རྒྱབ་ལས་རྐྱངམ་གཅིག་ལྷོད་ཡོདཔ་ཨིན་པས།
དམང་མི་ཚེ་རིང་རྒྱལ་མཚན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ རྒེད་འོག་ནང་ལྷོད་པའི་བསྒང་ལས་ ཁྱིམ་ཐོག་དང་པའི་ནང་ མེ་འབར་ཚར་ནུག་ཟེར་ཨིནམ་ད་ རྒེད་འོག་གི་ ཁག་ཆེ་བའི་ཡིག་ཆ་དང་ ཅ་ཆས་ཚུ་ག་ར་ མེ་འཚིགས་ཚར་ནུག་ཟེར་ཨིན་པས།
འོག་ཐོག་ལས་ རྐང་ཁྲི་༡༥ དང་ འབྲི་ཁྲི་༢ མ་གཏོགས་ ཅ་ཆས་གཞན་ ག་ནི་ཡང་འཐོབ་མ་ཚུགས་ཟེར་ ཁོ་གིས་ བཤད་པའི་ཁར་ ཡིག་ཆ་ག་ར་ མེ་གིས་འཚིགས་ཡོདཔ་ལས་ དུས་ཅི་ རྩིས་ཞིབ་འབདཝ་ད་ སྟབས་མ་བདེཝ་འཐོན་ནི་མས་ཟེར་ཨིན་པས།
དམང་མི་གིས་ དོགས་སེལ་འབད་མིའི་ནང་ མི་སྡེ་བརྡ་བརྒྱུད་ནང་ མི་ལ་ལོ་ཅིག་གིས་ ཡིག་ཚང་མེ་བཏང་ནུག་ཟེར་བའི་ འཐོར་གཏམ་ཚུ་ དར་ཁྱབ་སོང་ཡོད་མི་དེ་ མི་བདེན་ཟེར་ཨིནམ་ད་ སྟེང་ཐོག་ལས་ མེ་འཚིགསཔ་ད་ སྒོ་བསྡམས་ཏེ་ར་འདུག་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གལ་སྲིད་ མེ་བསད་སྣུམ་འཁོར་ ཉེ་འདབས་ལུ་ཡོད་པ་ཅིན་ མེ་ཚད་འཛིན་འབད་ཚུགས་པའི་ གནས་སྟངས་སྡོད་ཡི་ཟེར་ཨིནམ་ད་ མེ་བསད་སྣུམ་འཁོར་གྱིས་ ཁྱིམ་གྱི་འོག་ཐོག་དང་ ཞལ་འཚོམས་ཁང་ དེ་ལས་ མི་སྡེ་ལྟེ་བའི་སྒྲིང་ཁྱིམ་ཚུ་ མེ་ཤོར་ནི་ལས་ བཀག་འཛིན་འབད་ཚུགས་ཅི་ཟེར་ཨིན་པས།
ས་གནས་ཀྱི་ མི་ཅིག་གིས་ སླབ་མིའི་ནང་ ཡིག་ཚང་ནང་ གློག་མེའི་ཅ་ཆས་རྙིངམ་ཐལ་བའི་ཁར་ ལེགས་ཤོམ་སྦེ་ མཐུད་འབྲེལ་མ་འབད་བས་ཟེར་ཨིནམ་ད་ མེ་རྐྱེན་དེ་ གློག་ཐག་ལས་ བྱུང་ཡོད་པའི་དོགས་པ་ཡོད་ཟེར་ཨིན་པས།
བཀྲིས་སྒང་ཁྲིམས་སྲུང་འགག་པ་གིས་ མེ་ཚད་འཛིན་འབད་ནིའི་ རྒྱབ་སྐྱོར་འབད་ཡོདཔ་ད་ ཁྲིམས་སྲུང་འགོ་དཔོན་དང་འཁྲིལ་བ་ཅིན་ མེ་རྐྱེན་དེ་ གློག་མེ་ལུ་བརྟེན་ བྱུང་ཡོད་པའི་དོགས་པ་ཡོད་ཟེར་ཨིན་པས།
རྒེད་འོག་ཡིག་ཚང་ནང་ ཧེ་མའི་ ཡིག་ཆ་དང་ ཅ་ཆས་ཚུ་ཡོདཔ་ད་ དངུལ་ཀྲམ་ས་ཡ་༦༠ ལྷགཔ་ཅིག་གནས་པའི་ རྒེད་འོག་གི་ རྒྱུ་དངོས་ཚུ་ མེ་གིས་ ཐལ་བར་བརླགས་བཏང་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། ཕོངས་མེད།

 

About admin

Check Also

སྤ་རོ་ལུ་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ སློབ་སྟོན་འབད་ནིའི་དོན་ལས་ རིག་རྩལ་དང་ ཤེས་ཡོན་འཐོབ་ནི་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ ཆ་ཚང་ཤེས་ཡོན་གྱི་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ནུག། སྦྱོང་བརྡར་གྱི་ ལས་རིམ་དང་པའི་ནང་ …

Leave a Reply

Your email address will not be published. Required fields are marked *