ཕོ་སྐྱེས་ཅིག་གིས་ བུམོ་ཅུང་ཅིག་ལུ་ ལུས་འབྲེལ་འབད་ནིའི་ དཔའ་བཅམ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་༡༥ ལུ་ སྐྱེས་ལོ་༣༣ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༢ དང་ཟླཝ་༨ ལང་མི་ བུམོ་ཅུང་ཅིག་ལུ་ ལུས་འབྲེལ་འབད་ནིའི་ དཔའ་བཅམ་མི་ལུ་བརྟེན་ ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ནུག།

ཁྲིམས་སྲུང་འགག་པ་གིས་ བཤད་མི་དང་འཁྲིལཝ་ད་ བུམོ་ཅུང་དེ་ ཨ་ལོ་གཅེས་སྐྱོང་ལྟེ་བ་ཅིག་ནང་ སློབ་སྦྱོང་འབད་དོ་ཡོདཔ་ད་ དེ་ཚེ་ མོ་རའི་ ཨའི་དང་ཨ་པ་གཉིས་ཆ་ར་ དལ་ཁོམ་མེད་པར་ གཉེན་གྱི་ཐོག་ལས་ སྤུན་ཆ་ཕོག་ནི་ཨིན་མི་ དོགས་ཅན་ཕོ་སྐྱེས་དེ་ལུ་ ལེན་གནང་ཟེར་ སླབ་ཡོདཔ་ཨིན་པས།

ཕོ་སྐྱེས་དེ་གིས་ བུམོ་ཅུང་དེ་ སློབ་གྲྭ་ནང་ལས་ ལེན་ཞིནམ་ལས་ ཁོ་དང་གཅིག་ཁར་ བཞག་པའི་ཤུལ་ལུ་ ཕྱི་རུ་ཁམས་ཅིག་ཁར་ མོ་རའི་ཁྱིམ་ནང་ བསྐྱལ་ཡོདཔ་བཞིན་དུ་ བུམོ་ཅུང་དེ་གིས་ ཨའི་ལུ་ མོ་གི་མོ་མཚན་ ནཝ་མས་ཟེར་ སླབ་ཡོདཔ་ཨིན་པས།

དེ་ལས་ ཨའི་དེ་གིས་ ག་ཅི་འབད་ཡི་ཟེར་ དྲི་བའི་སྐབས་ལུ་ མོ་ལེན་པར་འོང་མི་ དོགས་ཅན་ཕོ་སྐྱེས་དེ་གིས་ དཀྲོགས་ཡོདཔ་སྦེ་ སླབ་པའི་ཤུལ་ལུ་ ཨའི་དེ་གིས་ དེ་འཕྲོ་ལས་ སྨན་ཁང་ནང་ བརྟག་དཔྱད་འབད་བར་ ཁྱིད་ཡོདཔ་མ་ཚད་ ཁྲིམས་སྲུང་འགག་སྡེ་ལུ་ཡང་ སྙན་ཞུ་འབད་ཡོདཔ་ཨིན་པས།

གསོ་བའི་བརྟག་དཔྱད་སྙན་ཞུ་དང་འཁྲིལཝ་ད་ བུམོ་ཅུང་དེ་གི་ མོ་མཚན་ལུ་ གནོད་པ་དུམ་གྲ་ཅིག་ བྱུང་ནུག་ཟེར་ཨིན་རུང་ དོགས་ཅན་དེ་གིས་ རྫུན་ཁ་བཟེད་མ་བཏུབ་ཨིན་པས།

ཁྲིམས་སྲུང་འགག་པ་གིས་ གནད་དོན་དེ་གི་ཐོག་ལུ་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ཡོདཔ་ཨིན་པས།

གནད་དོན་གཞན་མི་ཅིག་ནང་ ཐིམ་ཕུག་གི་ ཁྲིམས་སྲུང་འགག་པ་གིས་ རྣམ་སྲས་གླིང་ ཝང་ཆུ་ནང་ལས་ ཕུངམ་ཅིག་ཐོབ་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༩ པའི་ཚེས་༢༨ ཀྱི་ ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ཁར་ རྣམ་སྲས་གླིང་ལུ་ མདའ་རྐྱབ་སྡོད་མི་ཚུ་གིས་ ཆུ་གི་སྦུག་ལུ་ ཕུངམ་ཅིག་ མཐོང་ཡོད་པའི་ སྙན་ཞུ་འབད་མི་དང་འཁྲིལ་ཏེ་ བལྟ་བར་སོང་ཡོདཔ་བཞིན་དུ་ ཕུངམ་དེ་ བཏོན་འབག་འོང་ཡོདཔ་ཨིན་པས།

ཕུངམ་དེ་ ད་ལྟོ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ རོ་ཁང་ནང་ བཞག་ཡོདཔ་ཨིན་རུང་ ལན་པར་འོང་མི་ ག་ཡང་མ་ཐོནམ་ཨིན་པས།

ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ ཚེ་འདས་ཕོ་སྐྱེས་དེ་ སྐྱེས་ལོ་༥༠ དང་༦༠ གི་བར་ན་ འོང་ནི་བཟུམ་ཅིག་འདུག་ཟེར་ཨིནམ་ད་ གཟུགས་ཁར་ དོརམ་རྒྱ་སྨུག་ཅིག་ བཙུགས་ཡོདཔ་ད་ ཨོལ་ལྐོག་གུ་ སྲུང་སྐུད་གནགཔོ་ཅིག་ བཏགས་ཏེ་ཡོདཔ་སྦེ་ སླབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *