ཕོ་སྐྱེས་༩ གིས་ རྫོང་ཁག་གི་འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་ལས་ མཐོ་གཏུགས་ཞུ་ཡོདཔ།

༉ མོང་སྒར་ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༡༧ ཟླ་༡༡ པའི་ནང་ མཆོད་རྟེན་སློངས་མི་ ཕོ་སྐྱེས་༡༢ ཀྱི་གྲས་ལས་༥ ལུ་ ཚེ་བཙོན་དང་ གཞན་མི་ཚུ་ལུ་ ལོ་༢ ལས་༢༨ ཚུན་གྱི་ བཙོན་ཁྲིམས་བཀལ་མི་དེ་ལུ་ ཁེ་རྒུད་མ་བཏུབ་པར་ ཕོ་སྐྱེས་༩ གིས་ མཐོ་གཏུགས་ཞུ་ནུག།
དེ་ཡང་ ཚེ་བཙོན་ཕོག་མི་ ཕོ་སྐྱེས་ཚུ་ཡང་ ཨྱོན་རྡོ་རྗེ་དང་ པདྨ་རྡོ་རྗེ་ ཡེ་ཤེས་རྡོ་རྗེ་ བཀྲིས་དཔལ་འབྱོར་ དེ་ལས་ ཨྱོན་ཚེ་དབང་ཚུ་ཨིན་པས།
སི་ལམ་སྦིས་རྒེད་འོག་ སི་ལི་སྤོང་ལས་ སྐྱེས་ལོ་༣༤ ལང་མི་ ལས་སྐྱིད་མཁའ་འགྲོ་གིས་ མཆོད་རྟེན་༥༩ དང་ དགྲ་མེད་རྩེ་རྒེད་འོག་ སྦིས་མཁར་ལས་ སྐྱེས་ལོ་༣༣ ལང་མི་ ཨྱོན་ཚེ་དབང་གིས་ མཆོད་རྟེན་༥༨ སློངས་ཡོདཔ་ལས་ ཉེས་ཁྲིམས་ཚེ་བཙོན་བཀལ་ནུག།
དེ་བཟུམ་སྦེ་ ཚེ་བཙོན་ཕོག་མི་ སི་ལམ་སྦིས་རྒེད་འོག་ལས་ སྐྱེས་ལོ་༣༣ ལང་མི་ ལྷ་བརྟན་རྡོ་རྗེ་དང་ སྐྱེས་ལོ་༢༣ ལང་མི་ རིན་ཆེན་མཁའ་འགྲོ་ དེ་ལས་ དགྲ་མེད་རྩེ་རྒེད་འོག་ལས་ སྐྱེས་ལོ་༢༦ ལང་མི་ འགྱུར་མེད་རྣམ་རྒྱལ་ཚུ་ཨིན་པས།
ལྷ་བརྟན་རྡོ་རྗེ་གིས་ ཆ་རོགས་ཚུ་དང་གཅིག་ཁར་ ཁ་བསྡོམས་ཞིནམ་ལས་ མཆོད་རྟེན་སློངས་མི་ཚུ་ རྩིས་རྐྱབ་སྟེ་ ཡོངས་བསྡོམས་མཆོད་རྟེན་༢༩ སློངས་ཡོདཔ་ད་ རིན་ཆེན་མཁའ་འགྲོ་གིས་ མཆོད་རྟེན་༢ དེ་ལས་ འགྱུར་མེད་རྣམ་རྒྱལ་གྱིས་ མཆོད་རྟེན་༦ སློངས་ཡོདཔ་ལས་ ཁྲིམས་འདུན་གྱིས་ ཚེ་བཙོན་བཀལ་ནུག།
མཐོ་གཏུགས་པ་ཅིག་གིས་ མཆོད་རྟེན་སློངས་པའི་སྐབས་ ལོ་ན་མ་སྨིན་པར་ཡོད་མི་ ད་རེས་ སྐྱེས་ལོ་༢༣ ལང་མི་ ཙ་ཀ་གླིང་རྒེད་འོག་ལས་ ཨྱོན་རྡོ་རྗེ་གིས་ ལྷ་ཁང་དང་ མཆོད་རྟེན་ཚུ་ སློངས་ཡོདཔ་ལས་ བཙོན་ཁྲིམས་ལོ་༢༦ ལྷགཔ་ཅིག་ བཀལ་ནུག།
སྐྱེས་ལོ་༢༠ ལང་མི་ ཡེ་ཤེས་རྡོ་རྗེ་དང་ སྐྱེས་ལོ་༢༣ ལང་མི་ བཀྲིས་དཔལ་འབྱོར་༢ ཀྱིས་ མཉམ་རུབ་ཐོག་ལས་ ཆ་གླིང་རྒེད་འོག་གི་ ལྷ་ཁང་༢ དང་ ཙཀླིང་ལུ་ཡོད་པའི་ བྱང་ཆུབ་མཆོད་རྟེན་སློངས་མི་ལུ་བརྟེན་ ཉེས་ཁྲིམས་ལོ་༢༦ བཀལ་ནུག།
ཙ་ཀ་གླིང་རྒེད་འོག་ལས་ པདྨ་རྡོ་རྗེ་གིས་ ཚེ་རིང་རྡོ་རྗེ་དང་མཉམ་རུབ་ཐོག་ལས་ མཆོད་རྟེན་༨ སློངས་ཡོད་རུང་ བཙོན་ཁྲིམས་ལོ་༢༨ དང་ ཟླཝ་༥ ཞག་༡༩ བཀལ་མི་དེ་ མཆོད་རྟེན་སློངས་པའི་སྐབས་ ལོ་ན་མ་སྨིན་མི་ལུ་བརྟེན་ཨིན་པས།
མཐོ་གཏུགས་ཞུ་མི་ པདྨ་རྡོ་རྗེ་གིས་ མཆོད་རྟེན་༨ དང་ བཀྲིས་དཔལ་འབྱོར་གྱིས་ མཆོད་རྟེན་༡ ཨྱོན་རྡོ་རྗེ་གིས་ མཆོད་རྟེན་༤ དེ་ལས་ ཡེ་ཤེས་རྡོ་རྗེ་གིས་ མཆོད་རྟེན་༣ སློངས་ཡོད་པའི་ཁར་ བྱ་ངན་གཞན་ཚུ་ནང་ཡང་ ཆ་རོགས་འབད་ཡོད་རུང་ ཉེས་ཁྲིམས་ཚེ་བཙོན་མ་བཀལ་མི་དེ་ བྱ་ངན་འབད་བའི་སྐབས་ སྐྱེས་ལོ་༡༨ མ་ལང་མི་ལུ་བརྟེན་ཨིན་པས།
མཐོ་གཏུགས་ཞུ་ཡིག་དེ་ སྤྱི་ལོ་༢༠༡༧ གྱི་ཟླཝ་༡༢ པའི་ནང་ མོང་སྒར་ཁྲིམས་འདུན་ལུ་ ཕུལ་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མཚན་མ་གཅིག་ལུ་དགའ་མི་ཚུ་ལུ་ མི་སྡེ་གིས་ བརྩི་མཐོང་བསྐྱེད་དགོཔ།

༉ རྒྱལ་སྤྱི་མཚན་མ་གཅིག་དང་ མཚན་མ་གཉིས་ལུ་དགའ་མི་ དེ་ལས་ མོ་གིས་ཕོ་བཟོ་སྡོད་མི་དང་ ཕོ་གིས་མོ་བཟོ་སྡོད་མི་ཚུ་ལུ་ མ་དགའ་བའི་ ཉིནམ་དེ་ སྤྱི་ཟླ་༥ པའི་ཚེས་༡༧ ལུ་ ཐིམ་ཕུག་ མིག་དམར་ཟ་ཁང་ནང་སྦེ་ བརྩི་སྲུང་འབད་ཡི། ལས་རིམ་དེ་ཡང་ …

Leave a Reply

Your email address will not be published. Required fields are marked *