ཕོ་སྐྱེས་༡ དམར་བསད་འབད་མིའི་བཤེར་ཡིག་ རྫོང་ཁག་ཁྲིམས་འདུན་ལུ་ བཙུགས་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འདས་པའི་བདུན་ཕྲག་ནང་ བསམ་གྲུབ་ལྗོངས་མཁར་ སྒོམ་དར་རྒེད་འོག་ འབྲུ་མི་གཡུས་ཚན་ནང་ སྐྱེས་ལོ་༤༤ ལང་མི་ ཕོ་སྐྱེས་༢ ཀྱིས་ ཕོ་སྐྱེས་༡ དམར་བསད་འབད་ཡོད་པའི་ བཤེར་ཡིག་དེ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཁྲིམས་འདུན་ལུ་ བཙུགས་ཡོདཔ་ཨིན་པས།
བཤེར་ཡིག་དང་འཁྲིལཝ་ད་ སོ་ནམ་པ་ཨིན་མི་ ཉེས་འཛུགས་ཅན་ ཕོ་སྐྱེས་༢ ཀྱིས་ དམར་བསད་འབད་བའི་བཙོན་ཁྲིམས་ དབྱེ་རིམ་དང་པའི་ཉེས་ཆེན་དམའ་ཤོས་ བཙོན་ཁྲིམས་ལོ་ངོ་༡༥ སྨིན་དགོཔ་ཨིན་རུང་ ཁོང་༢ ཀྱིས་ སྲོག་གཅོད་ཀྱི་གནོད་འགེལ་འཐབ་མི་དེ་ལུ་ ཚེ་བཙོན་སྨིན་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
དེ་མ་ཚད་ ཁོང་༢ ཀྱིས་ ཚེ་འདས་ཀྱི་ནང་མི་ལུ་ ལོ་ངོ་༡༠ གྱི་ རྒྱལ་ཡོངས་ལས་མིའི་གླ་ཆ་རྩིས་རྐྱབ་སྟེ་ དངུལ་ཀྲམ་༤༥༠,༠༠༠ སྤྲོད་དགོ་པའི་ཐོག་ཁར་ དགེ་རྩ་འབད་བའི་ཟད་འགྲོ་ དངུལ་ཀྲམ་༤༢,༧༨༥ སྤྲོད་དགོཔ་སྦེ་ ཞུ་ནུག།
བྱ་ངན་དེ་ཡང་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ སྒོམ་དར་རྒེད་འོག་གི་ འབྲུ་མི་གཡུས་ཚན་ནང་བྱུང་ཡོདཔ་ད་ དེ་ཡང་ ཉེས་འཛུགས་ཅན་ ང་རྒྱལ་དང་ ཀརྨ་རྡོ་རྗེ་གཉིས་ཀྱིས་ ཚེ་འདས་སངས་རྒྱས་རྡོ་རྗེ་དེ་ ཉེས་འཛུགས་ཅན་ ང་རྒྱལ་གྱི་ ཨམ་སྲུ་དང་གཅིག་ཁར་ ལུས་འབྲེལ་འབད་སྡོད་སར་ མཐོང་བའི་ཤུལ་ལས་ ཁོ་གི་ཁྱིམ་ནང་ ཨོལ་ལྐོག་བསྡམས་ཏེ་ བསད་ཞིནམ་ལས་ ཁོ་ར་གིས་ རང་སྲོག་བཅད་དེ་ ཤི་ཡོདཔ་བཟུམ་སྦེ་ མཐོང་བཅུག་ནིའི་དོན་ལུ་ ཐགཔ་གིས་བསྡམས་ཏེ་ གནམ་སྤང་གུ་ལས་མར་ དཔྱངས་བཞག་ཡོདཔ་ཨིན་པས།
བཤེར་ཡིག་དང་འཁྲིལཝ་ད་ ཉེས་འཛུགས་ཅན་༢ ཀྱིས་ ང་རྒྱལ་གྱི་ཨམ་སྲུ་ ཚེ་རིང་ཆོས་སྐྱིད་དང་ ཚེ་འདས་ཀྱི་བར་ན་ དགའ་མཐུན་དེ་ རྐྱེན་ངན་བྱུངམ་ད་རྐྱངམ་གཅིག་མེན་པར་ ཨམ་སྲུ་གི་ ཧེ་མའི་རྨགཔ་ སྡོད་པའི་སྐབས་ལས་ར་ འདུག་ཟེར་ཨིན་པས།
དེ་འབདཝ་ལས་ ཧེ་མའི་རྨགཔ་གི་ སྤུན་ཆ་ཚུ་གིས་ མཐུན་ལམ་དེའི་སྐོར་ལས་ ཤེས་པའི་ཤུལ་ལས་ ཁ་བྱལ་བཅུག་སྟེ་ དེའི་ཤུལ་ལས་ ཨམ་སྲུ་དེ་ བདེ་བ་ཐང་ལུ་ཡོད་མི་ མོ་རའི་ཨ་ཞེམོ་ཕོག་མི་དང་གཅིག་ཁར་ སྡོད་པའི་སྐབས་ལུ་ཡང་ ཚེ་འདས་དང་གཅིག་ཁར་ མཐུན་ལམ་བཞག་ནུག་ཟེར་ཨིན་པས།
ཚེ་འདས་ལུ་ ཨམ་སྲུ་དང་ ཨ་ལོ་ཡོདཔ་ལས་ ཚེ་རིང་ཆོས་སྐྱིད་ཀྱིས་ མོ་ར་ དེ་སྦེ་སྡོད་པར་མི་བཏུབ་པས་ རྨགཔ་གཞན་དང་གཅིག་ཁར་ གཉེན་རྐྱབ་དགོ་པས་ཟེར་ གཡུས་ཁར་ ཚེ་འདས་དང་གཅིག་ཁར་ བློ་མཇུག་བསྡུ་ནི་སྦེ་འོངམ་ད་ ཚེ་འདས་ཀྱིས་ ཁོ་རའི་ ཨ་ཞང་ཕོག་མི་ ཉེས་འཛུགས་ཅན་ ང་རྒྱལ་ཡང་ ཨམ་སྲུ་ཤི་སྟེ་ ལོ་༡ དེ་ཅིག་ལང་ཡོད་པའི་ཁར་ མི་ཡང་ལེགས་ཤོམ་ཡོད་ཟེར་ ཁོ་དང་གཅིག་ཁར་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ གཉེན་བསྡོམས་བྱིན་ཡོདཔ་ཨིན་པས།
ཨིན་རུང་ ཚེ་རིང་ཆོས་སྐྱིད་དང་ཚེ་འདས་ཀྱིས་ འབྲེལ་བ་འཐབ་ནི་དེ་ མ་བཞག་པར་ དེ་སྦེ་ར་བཞག་ཡོད་པའི་ཁར་ ང་རྒྱལ་ཁྱིམ་ནང་ མེདཔ་ད་ར་ ཁོང་གཉིས་ཕྱད་དོ་ཡོད་པའི་ཁར་ རྐྱེན་ངན་མ་འབྱུང་པའི་ཉིནམ་༡ གི་ཧེ་མར་ཡང་ ང་རྒྱལ་གྱི་སྤུན་ཆ་ཚུ་གིས་ ཚེ་འདས་དེ་ ང་རྒྱལ་གྱི་ཁྱིམ་ནང་ལས་ ཐོན་འགྱོ་སར་མཐོང་ཡོདཔ་ཨིན་པས།
དེ་གི་ནངས་པར་ ང་རྒྱལ་ཁོ་ར་ དར་ཤིང་འཕྱར་བར་འགྱོཝ་ད་ ཉེས་འཛུགས་ཅན་ཀརྨ་རྡོ་རྗེ་ ཁོ་རའི་སྤུན་ཆ་ཨིན་མི་ལུ་ གསང་བའི་ཐོག་ལས་ བལྟ་གནང་ཟེར་སླབ་སྟེ་ རྐྱེན་ངན་བྱུང་བའི་ཚེ་ ང་རྒྱལ་དང་གཡུས་ཁའི་མི་ཚུ་ དྭངས་དཀར་ཟོར་ཟེར་ས་ལུ་ གླང་ཚུ་རྩྭ་ཁར་བཏང་བཞག་མི་ལུ་ ཚྭ་བླུགས་པར་འགྱོ་བའི་སྐབས་ཡང་ ཚེ་འདས་དེ་ ཁོ་རའི་ ཨ་པའི་ཁྱིམ་ནང་འགྱོ་སར་མཐོང་སྟེ་ ཨམ་སྲུ་མོ་ར་རྐྱངམ་གཅིག་ ཁྱིམ་ནང་ཡོདཔ་ལས་ ད་རུང་ དཀྲོགས་འོང་མནོ་སྟེ་ ང་རྒྱལ་གྱིས་ ཚྭ་བླུག་པར་མ་འགྱོ་བར་ ལམ་ཁར་གཡིབ་སྡོད་ཡོདཔ་ད་ ཨམ་སྲུ་གིས་ཡང་ རྨགཔ་མེདཔ་ཅིག་ ཚེ་འདས་ལུ་ འགྲུལ་འཕྲིན་བཏང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ཚེ་རིང་ཆོས་སྐྱིད་དང་ ཚེ་འདས་དེ་ ཁྱིམ་ནང་ན་ ལུས་འབྲེལ་འབད་སྡོད་སར་མཐོང་སྟེ་ ང་རྒྱལ་གྱིས་ བདའ་ཟུནམ་ལས་ ཉེས་འཛུགས་ཅན་ ཀརྨ་རྡོ་རྗེ་ཡང་ འབོ་ཡོདཔ་ད་ ཁོ་མ་ལྷོདཔ་ཅིག་ཁར་ ཨམ་སྲུ་གིས་ ཁྱིམ་ནང་ལས་ ཕྱི་ཁར་ཐོན་སོང་ཡོད་རུང་ ཚེ་འདས་ཀྱིས་ ཁྱིམ་ནང་ན་སྡོད་ཡོདཔ་ལས་ ང་རྒྱལ་གྱིས་ ཁྱིམ་ནང་འཛུལ་ཏེ་ ཐགཔ་གིས་ཨོལ་ལྐོག་བསྡམས་ད་ དྲན་མེད་ཐལ་སོ་ནུག་ཟེར་ བཀོད་ནུག།
དེ་ཅིག་བར་ན་ ཉེས་འཛུགས་ཅན་ ཀརྨ་རྡོ་རྗེ་ཡང་ལྷོད་དེ་ ནང་ན་འགྱོཝ་ད་ ཚེ་འདས་ལུ་ སྲོག་སྐྱབས་འབད་ནི་ཕར་བཞག་ ཁོ་གིས་ཡང་ ང་རྒྱལ་དང་ ཀརྨ་རྡོ་རྗེ་གཉིས་ཀྱིས་ ཧེང་སྐལ་ར་ ཐགཔ་གི་མཇུག་གཉིས་ལས་འཐེན་ཏེ་ དེ་ཁར་ར་ བསད་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ ཁོང་གཉིས་ཀྱིས་ ཚེ་འདས་ཀྱིས་ རང་སྲོག་བཅད་ཡོདཔ་བཟུམ་སྦེ་ མཐོང་བཅུག་ནིའི་དོན་ལུ་ གནམ་དཔང་གུ་ལས་མར་ དཔྱངས་བཞག་སྟེ་ ང་རྒྱལ་གྱིས་ ཁྱིམ་ནང་ན་ལས་ རྣལ་ལྕགས་རྐྱབ་བཞག་སྟེ་ ཁོ་ར་ ཨེ་ཁུག་ལག་ལེན་འཐབ་སྟེ་ གནམ་སྤང་ལས་འབབ་སྟེ་ ཕྱི་ཁར་ཐོན་འོང་ཡོདཔ་ཨིན་པས།
དེ་ཅིག་གི་བར་ན་ གླང་ལུ་ཚྭ་བླུག་པར་འགྱོ་མི་ཚུ་ཡང་ ས་གནས་ནང་ལྷོདཔ་ད་ ཉེས་འཛུགས་ཅན་གཉིས་ཀྱིས་ ཁོང་གཉིས་ ཁྱིམ་ནང་མ་འཛུལ་བར་སྡོད་ཡོད་པའི་ཁར་ ཚེ་འདས་དེ་ཡང་ ནང་ན་འདུག་ཟེར་སླབ་སྟེ་ ཆ་རོགས་རྡོ་རྗེ་གྲུབ་པ་ཟེར་མི་གིས་ སྒོ་སྒྲིག་ཕྱེ་སྟེ་ལྟཝ་ད་ ཚེ་འདས་དེ་ཁྱིམ་ནང་ མ་མཐོངམ་ལས་ སྒོའི་གུ་འཛེགས་ཏེ་ལྟཝ་ད་ ཨོལ་ལྐོག་དཔྱངས་ཏེ་ ཤི་ཡོདཔ་སྦེ་མཐོང་སྟེ་ དེ་འཕྲོ་ལས་ ནང་ན་འཛུལ་ཏེ་ སྲོག་སྐྱབས་འབད་ནིའི་ དཔའ་བཅམ་ཡོད་རུང་ འབད་མ་ཚུགསཔ་ཨིན་པས།
ཉེས་འཛུགས་ཅན་༢ པོ་དེ་ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཞག་ཡོད་པའི་གནས་ཚུལ།

 

བཀྲིས་བསྟན་འཛིན།

 

About admin

Check Also

ས་གནས་གཞུང་ནང་ རྫོང་བདག་གི་ འགན་ཁུར་ག་ཅི་ཨིན་ན?

༉ ས་གནས་གཞུང་ལུ་ དབང་ཚད་ཕྱིར་སྤེལ་འབད་མི་ལུ་བརྟེན་ རྫོང་བདག་གམ་ རྫོང་ཁག་བཀོད་ཁྱབ་གཙོ་འཛིན་གྱི་ འགན་ཁུར་དེ་ བསྐྱར་འགྲེལ་ཐོག་ གསལ་རིལ་རི་སྦེ་བཟོ་དགོ་པའི་ དགོས་མཁོ་བྱུང་སྟེ་ཡོདཔ་ཨིན་པས། རྫོང་བདག་གི་ འགན་འཁྲི་དང་ དབང་ཚད་ཕྱིར་སྤེལ་བྱ་སྒོའི་ རིམ་པ་ཚུ་ དབྱེ་དཔྱད་འབད་ནིའི་དོན་ལུ་ བློན་ཆེན་ཌོག་ཊར་ …

Leave a Reply

Your email address will not be published. Required fields are marked *