ཕུན་ཚོགས་དཔལ་རི་-བསམ་རྩེ་འདེམས་ཁོངས་ནང་ ཐལཝ་གི་དཀའ་ངལ།

༉ རྒྱལ་ཡོངས་ཚོགས་འདུའི་སྒྲིག་གཞི་དང་འཁྲིལ་ ཕུན་ཚོགས་དཔལ་རི་-བསམ་རྩེ་འདེམས་ཁོངས་ཀྱི་ འཐུས་མི་གཱ་ནིསི་ གི་མི་རའེ་གིས་ ཁོ་གི་ འདེམས་ཁོངས་དེ་ ཐལཝ་གི་འདེམས་ཁོངས་བཟུམ་ཅིག་ལུ་ ཐུག་སྟེ་ཡོད་ཟེར་ཞུ་ཡི།
འཐུས་མི་གིས་ ཞུ་མིའི་ནང་ བསམ་རྩེ་ལུ་ རྡོ་དང་ བྱེམ་བསྡུ་བསྒྱོམ་འབད་ནི་དང་ རྡོ་རུག་བཟོ་བའི་ལས་སྣ་ལུ་བརྟེན་ སྣུམ་འཁོར་ཊཱག་ཚུ་ ཉིན་བསྟར་བཞིན་དུ་ གཞུང་ལམ་བདའ་སྟེ་ རྒྱུན་འགྲུལ་འཐབ་པའི་སྐབས་ ཐལཝ་གིས་ བྱ་སྟབས་མ་བདེ་བའི་ དཀའ་ངལ་བྱུང་བཞིན་དུ་ཡོད་ཟེར་ཨིན་པས།
ཨིན་རུང་ ལས་འགུལ་བཟོ་སྐྲུན་དེ་གིས་ མ་གཞི་ སྤྱིར་བཏང་ས་གནས་ཀྱི་མི་སེར་དང་ གཞུང་ དེ་ལས་ སྒེར་སྡེ་ལུ་ ཁེ་ཕན་བྱུང་སྟེ་འདུག་ཟེར་ ཞུ་ཡི།།
དེ་ཡང་ཁོ་གིས་ དོན་ཚན་༤ སྦེ་ ཞུ་མིའི་ནང་ ལྗིད་ཚད་ཅན་གྱི་ སྣུམ་འཁོར་ཊཱག་ཚུ་གིས་ མི་མང་གི་སྣུམ་འཁོར་ལམ་མེདཔ་བཏང་མི་དང་ རྒྱུན་འགྲུལ་གྱི་ ཐལཝ་སློང་མི་ལུ་བརྟེན་ མི་སེར་གྱི་ འཕྲོད་བསྟེན་ལུ་གནོད་པ་དང་ རྡོ་དང་བྱེམ་ཚུ་ བསྡུ་བསྒྱོམ་འབད་མི་ལུ་བརྟེན་ ཆུ་ཁ་བསྒྱུར་ཏེ་ མི་སེར་གྱི་ས་གཞི་དང་ རྒྱུ་ནོར་ལུ་གནོད་པ་ དེ་ལས་ རྡོ་སྤོག་མི་དང་ རྡོ་རུག་བཟོ་བའི་ལས་སྣ་ཚུ་གི་སྐད་ལུ་བརྟེན་ མི་སེར་ལུ་ བྱ་སྟབས་མ་བདེ་བའི་དཀའ་ངལ་ཚུ་ རྒྱུན་མ་ཆད་པར་འདུག་ཟེར་ ཞུ་ཡི།
དེ་གི་གདོང་ལེན་ལུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ འཆར་གཞི་དང་ ཐབས་བྱུས་ཚུ་ ག་ཅི་ར་ཡོདཔ་ཨིན་ན་ཟེར་ སོ་ནམ་དང་ནགས་ཚལ་ བློན་པོ་ལུ་ དྲི་བ་བཀོད་ཅི།
སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་ ཞུ་མིའི་ནང་ དོན་ཚན་དང་པའི་ནང་ ལྗིད་ཅན་སྣུམ་འཁོར་ཊཱག་ཚུ་གིས་ མི་མང་གི་སྣུམ་འཁོར་མེདཔ་བཏངམ་ཨིན་རུང་ དཔལ་འབྱོར་གྱི་གནས་སྟངས་དང་བསྟུན་ དཔལ་འབྱོར་གོང་འཕེལ་གྱི་ ལཱ་འབད་ནིའི་དོན་ལུ་ ལྗིད་ཚད་ཡར་སེང་འབད་དགོཔ་བྱུང་ནུག་ཟེར་ཨིན་པས།
ཐབས་ལམ་དེ་ ད་རེས་ཡོད་པའི་སྣུམ་འཁོར་ལམ་ཚུ་ ལེགས་བཅོས་འབད་ནིའི་དོན་ལུ་ གཞུང་དང་ ཞབས་ཏོག་ལྷན་ཁག་གི་ཁ་ཐུག་ལས་ ཕྱག་ཞུ་བའི་བསྒང་ཡོད་ཟེར་ཞུ་ཡི།
དོན་ཚན་༢ པ་ རྒྱུན་འགྲུལ་གྱི་ ཐལཝ་སློང་མི་ལུ་བརྟེན་ མི་སེར་གྱི་ འཕྲོད་བསྟེན་ལུ་གནོད་པ་བྱུང་མི་དེ་ སེལ་ཐབས་ཀྱི་དོན་ལུ་ སྣུམ་འཁོར་ལམ་ལེགས་བཅོས་འབད་ནི་དང་ སྣུམ་འཁོར་ཊཱག་ཚུ་གིས་ རྡོ་དང་ རྡོ་ཀྲུ་ བྱེམ་ཚུ་ ཆུ་ཤོག་གིས་སྤུབས་ཏེ་ འབག་མ་འབག་བརྟག་ཞིབ་འབད་ནི་ཟེར་ཨིན་པས།
རྡོ་དང་བྱེམ་ཚུ་ བསྡུ་བསྒྱོམ་འབད་མི་ལུ་བརྟེན་ ཆུ་ཁ་བསྒྱུར་ཏེ་ མི་སེར་གྱི་ས་གཞི་དང་ རྒྱུ་ནོར་ལུ་གནོད་པའི་ཐབས་ལམ་དེ་ རྡོ་དང་ བྱེམ་ཚུ་ ཆུའི་མཐའམ་བདའ་སྟེ་ བཏོན་མ་བཏང་རུང་ མ་བཏང་རུང་ གནོད་པ་ཡོདཔ་ལས་ མཐའ་འཁོར་གནས་སྟངས་ཀྱི་ བརྟག་ཞིབ་འབད་མི་ སྒྲིག་གཞི་དང་ ལམ་སྟོན་གསརཔ་བཟོ་མི་དང་འཁྲིལ་ བསྟར་སྤྱོད་འབད་ནི་ཨིན་ཟེར་ཞུ་ཡི།
དོན་ཚན་༤ པའི་ནང་ རྡོ་བཀོ་མི་དང་ རྡོ་རུག་བཟོ་བའི་ལས་སྣ་ལ་སོགས་པ་ཚུ་ མཐའ་འཁོར་གནས་སྟངས་ཀྱི་སྒྲིག་གཞི་ནང་ ཐལཝ་ལ་སོགས་པ་གིས་ མི་མང་ལུ་ གནོད་ཉེན་བཀག་ཐབས་ལུ་ ཆུ་བླུགས་ནིའི་ཐབས་ལམ་ཚུ་ སྒྲིག་གཞི་ནང་འཁོད་ཡོད་མི་དེ་ ལག་ལེན་འཐབ་མ་འཐབ་ཚུ་ བརྟག་ཞིབ་འབད་ནི་ཨིན་ཟེར་ ཞུ་ཡི།
འཐུས་མི་གཱ་ནིསི་ གི་མི་རའེ་གིས་ ཞབས་ཏོག་བློན་པོ་ལུ་ ཞུ་མིའི་ནང་ སྣུམ་འཁོར་ཊཱག་ཚུ་ བསམ་རྩེ་ལས་ བསིབ་སུ་ཚུན་ རྒྱུན་འགྲུལ་འབདཝ་ད་ སྣུམ་འཁོར་ལམ་ཚུ་ མེདཔ་བཏང་དོ་ཡོདཔ་ལས་ འཆར་གཞི་དང་ ལས་རིམ་ག་དེ་སྦེ་ར་ཡོད་ཟེར་ དྲི་བ་ཞུ་ཡི།
ཞབས་ཏོག་བློན་པོ་རྡོ་རྗེ་ཚེ་རིང་གིས་ ཞུ་མིའི་ནང་ ལ་ཁ་ལུ་ལྷོདཔ་ད་ ལ་ཁ་མཐོ་སའི་དཀའ་ངལ་དང་ དམའ་ས་ལྷོདཔ་ད་ ས་གོ་གི་གནས་སྟངས་དང་བསྟུན་ དཀའ་ངལ་འདུག་ཟེར་ཨིནམ་ད་ སྣུམ་འཁོར་གྱིས་ འབག་ཆོག་མི་ལྗིད་ཚད་དེ་ བསམ་རྩེ་དང་ བསིབ་སུ་རྐྱངམ་གཅིག་གི་དཀའ་ངལ་མེན་པར་ རྒྱལ་ཡོངས་ནང་ དཀའ་ངལ་འདུག་ཟེར་ཨིན་པས།
སྣུམ་འཁོར་དེད་གཡོག་དང་ ཇོ་བདག་ཚུ་གིས་ སྣུམ་འཁོར་ལམ་གུ་ལས་ཕར་ འགྲོ་འགྲུལ་འབད་ནིའི་དོན་ལུ་ ཁྲལ་བཏབ་ཡོདཔ་ལས་ ལོགས་སུ་སྦེ་ ཁྲལ་བཀལ་ནིའི་དཔའ་བཅམ་ཡོད་རུང་ འབད་མ་ཚུགས་ཟེར་ བློན་པོ་གིས་ ཞུ་ཡི།
ཚོང་འབྲེལ་གྱི་དོན་ལུ་ ཁྲལ་བཏབ་ཡོདཔ་ལས་ སྣུམ་འཁོར་ལམ་དེ་གུ་ཕར་ རྒྱུན་འགྲུལ་མ་འབད་བ་ཅིན་ ཐབས་ལམ་གཞན་མིན་འདུག་ཟེར་ ཉོགས་བཤད་བཀོད་མི་ཐོན་ཡོདཔ་ལས་ ལྷན་ཁག་གི་ཧོངས་ལས་ ལན་རྐྱབ་ནིའི་ས་གོ་ཅིག་ མ་མཐོང་ཟེར་ཞུ་ཡི།
ཨིན་རུང་ ད་ལྟོའི་ འཆར་ལོ་ནང་མེན་པར་ ཤུལ་མའི་ འཆར་ལོ་ནང་ མ་དངུལ་བཙུགས་ཡོད་མི་དེ་ འཐོབ་ཞིནམ་ལས་ མ་དངུལ་དང་འཁྲིལ་ ག་དེམ་ཅིག་ ལཱ་འབད་ཚུགས་མི་དེ་ སྣུམ་འཁོར་ལམ་ལེགས་བཅོས་འབད་ནིའི་དོན་ལུ་ འཆར་གཞི་ཚུ་བརྩམས་ཏེ་ཡོད་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *