ཚོང་མགྲོན་པ་ཅིག་གིས་ ཌི་སི་མཱརཊ་ཚོང་ཁང་ལས་ ཉོ་ཚོང་རྐྱབ་པའི་བསྒང་།

ཕུན་ཚོགས་གླིང་ལུ་ ཚོང་འབྲེལ་འཐབ་ནི་ ལོག་འགོ་བཙུགས་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༢༣ ལུ་ ནད་ཡམས་ཀོ་རོ་ན་བའེ་རཱསི་ལུ་བརྟེན་ ཕུན་ཚོགས་གླིང་གི་ འཛུལ་སྒོ་བསྡམས་ཏེ་ ཟླཝ་༢ ཀྱི་རྒྱབ་ལས་ ཚོང་འབྲེལ་གྱི་ ལས་སྣ་ཚུ་ ཨ་རྟག་གི་ གནས་སྟངས་ནང་ ལྷོད་དོ་ཡོདཔ་ཨིན་པས།
ད་རེས་ནངས་པར་ ཕུན་ཚོགས་གླིང་ཁྲོམ་ནང་ ཉོ་ཚོང་རྐྱབ་མི་ ལེ་ཤ་ལྷོད་དེ་ཡོདཔ་བཞིན་དུ་ ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ལས་ ཁྲོམ་དེ་ འདུ་འཛི་ཅན་ཅིག་ལུ་ གྱུརཝ་ཨིན་པས།
དགའ་ལྡན་ལམ་ལུ་ ཌི་སི་མཱརཊ་གིས་ ས་པག་ཅུ་དང་ ཁྱིམ་ནང་གི་ ཅ་ཆས་དང་ ཨ་ལོའི་རྩེད་ཆས་ཚུ་ཡང་ བཙོང་དོ་ཡོདཔ་ད་ ཇོ་བདག་དམ་ཆོས་ཀྱིས་ སླབ་མིའི་ནང་ ཚོང་འབྲེལ་དེ་ ཧེ་མ་དང་ཕྱདཔ་ད་ ད་རེས་ ལེགས་ཤོམ་སྦེ་འགྱོཝ་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ད་ལྟོ་ ཚོང་འབྲེལ་བརྒྱ་ཆ་༦༠ ཡར་དྲག་སོང་སྟེ་ཡོད་མི་དེ་ཡང་ རྒྱ་གར་གྱི་ ས་མཚམས་སྒོ་བསྡམས་བཞག་མི་ལུ་བརྟེན་ ཚོང་མགྲོན་པ་ཚུ་གིས་ ཅ་ཆས་ཚུ་ག་ར་ ཕུན་ཚོགས་གླིང་ཁྲོམ་ལས་ ཉོ་འབག་དོ་ཡོདཔ་ཨིན་པས།
དམ་ཆོས་ཀྱིས་ སླབ་མིའི་ནང་ ཕུན་ཚོགས་གླིང་ཁྲོམ་ཁར་ ལོ་༡༠ དེ་ཅིག་གི་རིང་ སྡོད་མི་ཚུ་གིས་ཡང་ མོ་རའི་ ཚོང་ཁང་ནང་འོངམ་མས་ཟེར་ཨིན་པས།
སྤྱི་ཟླ་༤ པའི་ནང་ སྲ་ཆས་ཚོང༌ཁང༌ཚུ་ལུ་ གདོང་ལེན་བྱུང་ཡོད་རུང་ ད་རེས་ ཚོང་འབྲེལ་ལེགས་ཤོམ་འགྱོ་དོ་ཡོདཔ་ད་ སུ་རཱཤ་སྲ་ཆས་ཚོང་ཁང་གི་ ཇོ་བདག་བི་པུལ་ ཏི་ཝ་རི་གིས་ སླབ་མིའི་ནང་ སྤྱི་ཟླ་༣ པའི་ཚེས་༢༥ ལུ་ རྒྱ་གར་སྒོ་བསྡམས་བཞག་མི་ལུ་བརྟེན་ ཚོང་འབྲེལ་ལུ་ ཐོ་སྦོམ་སྦེ་ར་ ཕོག་ཅི་ཟེར་ཨིན་པས།
ད་རེས་ ཚོང་འབྲེལ་ཡར་དྲག་འགྱོ་དོ་ཡོདཔ་ལས་ ཧེ་མའི་གནས་སྟངས་ནང་ ལྷོད་དོ་ཟེར་ ཏི་ཝ་རི་གིས་ བཤད་པའི་ཁར་ ནད་ཡམས་ལུ་བརྟེན་ ཚོང་མགྲོན་པ་ཚུ་ འདྲོག་བྱེལ་འཐབ་སྟེ་ ཚོང་ཉོ་བར་ འོང་ནི་མེད་རུང་ ད་རེས་ འོངམ་མས་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ ལས་མིའི་ཟད་འགྲོ་ ཡར་སེང་སོང་སྟེ་ཡོདཔ་ལས་ སྲ་ཆས་ཀྱི་ གོང་ཚད་ཚུ་ཡང་ བྱ་ཐབས་མེད་པར་སེང་དགོཔ་ བྱུང་ཡོད་ཟེར་ཨིན་པས།
ནད་ཡམས་དེ་གིས་ འབྲུག་མི་ཚུ་ རྒྱ་གར་ལས་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་ནིའི་ མནོ་ལུགས་བསྒྱུར་བཅོས་ སོང་ཡོད་པའི་ ཚོར་སྣང་བྱུང་རུང་ ས་མཚམས་ཀྱི་ སྒོ་ར་ཚུ་ སྒོ་ཕྱེ་ཞིནམ་ལས་རྐྱངམ་གཅིག་ ཤེས་ནི་མས་ཟེར་ཨིན་པས།
བཀྲིས་ཚོང་འབྲེལ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཉེར་མཁོའི་ཅ་ཆས་ཚུ་ ཨ་རྟག་བཟུམ་སྦེ་ར་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་རུང་ སྦུང་ཚོང་གི་ཐད་ལུ་ ཐོ་ཕོག་སྟེ་ཡོདཔ་མ་ཚད་ མཁོ་གལ་མེན་པའི་ ཅ་ཆས་ལེ་ཤ་ཡོདཔ་ལས་ བཀྲམ་སྤེལ་འབད་ནི་ལུ་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ཨིན་པས།
དེ་འབདཝ་ད་ འབྲུག་ཟ་ཁང་ཚོགས་སྡེའི་འཐུས་མི་ འཇིགས་མེད་ཚེ་རིང་གིས་ སླབ་མིའི་ནང་ ནད་ཡམས་མ་ཞི་ཚུན་ཚོད་ ཟ་ཁང་གི་ ཚོང་འབྲེལ་དེ་ ཡར་དྲག་མི་འགྱོ་ནི་མས་ཟེར་ཨིནམ་ད་ ལྟ་བཤལ་གྱི་ སྒོ་ཕྱེ་སྟེ་འབད་རུང་མགྱོནམ་ཚུ་ ལོག་འོང་ནི་ལུ་ སྤྲོ་བ་མི་བསྐྱེད་ནི་མས་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ ཟ་ཁང་༤༡ དེ་ཅིག་གིས་ ཁས་བླངས་ཐོག་ལས་ ཟུར་བཞག་ཁང་ལྟེ་བ་སྦེ་ ལག་ལེན་འཐབ་བཅུག་ཡོདཔ་ད་ ཟུར་བཞག་ལྟེ་བ་ དབྱེ་ཁག་དང་པ་ མཇུག་བསྡུ་ཡོདཔ་ལས་ དབྱེ་ཁག་༢ པ་དེ་ ལག་ལེན་འཐབ་དོ་ཟེར་ འཇིགས་མེད་ཚེ་རིང་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *