ཁ་ཙ་ ཁུ་རུ་ཐང་སློབ་གྲྭ་ནང་ སློབ་ཕྲུག་དང་ རྒྱབ་སྐྱོར་ལས་བྱེདཔ་ དེ་ལས་ རྫོང་ཁག་འགོ་དཔོན་ཚུ་གིས་ ཐབ་ཚང་དང་ ཉེར་མཁོའི་ཅ་ཆས་ཚུ་ ནང་སྡོད་སློབ་གྲྭ་ཚུ་ལས་ལེན་ཏེ་ གྲ་སྒྲིག་འབད་ནུག།

ཕུན་ཚོགས་གླིང་ལས་ སློབ་ཕྲུག་ཚུ་ སྤོ་བཤུད་འབད་ནི་ གྲ་སྒྲིག་སོང་ཡོདཔ།

༉ ཕུན་ཚོགས་གླིང་ཁྲོམ་སྡེའི་ སློབ་ཕྲུག་༡,༡༡༡ དེ་ཅིག་ སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་རྫོང་ཁག་གི་ སློབ་གྲྭ་༤ ནང་ སྤོ་བཤུད་འབད་ནིའི་དོན་ལུ་ གྲ་སྒྲིག་ཚར་ཏེ་ ཡོདཔ་ཨིན་པས།
དེ་འབདཝ་ལས་ སློབ་ཕྲུག་ཚུ་དང་ སློབ་དཔོན་༨༩ དེ་ལས་ རྒྱབ་སྐྱོར་ལས་བྱེདཔ་ཚུ་ ད་རིས་དང་ ནངས་པར་ སློབ་གྲྭ་གསརཔ་ཚུ་ནང་ ལྷོད་ནི་གི་ ལས་འཆར་ཡོདཔ་ཨིན་པས།
གཞུང་གིས་ ཕུན་ཚོགས་གླིང་ལས་ སློབ་ཕྲུག་༡,༥༨༠ དེ་ཅིག་ སྤུ་ན་ཁ་དང་ དབང་འདུས་ དེ་ལས་ བསམ་རྩེ་རྫོང་ཁག་ནང་ སྤོ་བཤུད་འབད་ནིའི་ ཁྱབ་བསྒྲགས་འབད་བའི་ཤུལ་ལས་ གྲ་སྒྲིག་གི་ ལཱ་འབད་ནི་ འགོ་བཙུགས་ཡོདཔ་ཨིན་པས།
སློབ་ཕྲུག་ཚུ་གི་ དུས་རྒྱུན་སློབ་སྟོན་འབད་ནི་ཡང་ ནངས་པ་ལས་ འགོ་བཙུགས་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་བར་མ་དང་ གོང་མ་ དེ་ལས་ བསོད་ནམས་ཐབས་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་༩༨༦ དང་ སློབ་དཔོན་ དེ་ལས་ རྒྱབ་སྐྱོར་ལས་བྱེདཔ་ཚུ་ བཞག་ནིའི་དོན་ལས་ སྤུ་ན་ཁ་རྫོང་ཁག་ འཕྲིན་ལས་སྒང་སློབ་གྲྭ་ཆུང་བ་དང་ ཤེལ་རྔ་ན་འབྲིང་རིམ་སློབ་གྲྭ་འོག་མ་ དེ་ལས་ ཁུ་རུ་ཐང་འབྲིང་རིམ་སློབ་གྲྭ་བར་མ་འབདཝ་ད་ སློབ་གྲྭ་༣ ངོས་འཛིན་འབད་ནུག།

སློབ་གྲྭ་ནང་ ནང་སྡོད་མཐུན་རྐྱེན་མེདཔ་ལས་ གློག་མེའི་མཁོ་ཆས་ཚུ་ བཙུགས་སྒྲིག་འབད་བའི་བསྒང་།

སློབ་ཕྲུག་༩༨༦ ལས་༣༥༣ དེ་ འཕྲིན་ལས་སྒང་སློབ་གྲྭ་ཆུང་བའི་ནང་དང་ ཤེལ་རྔ་ན་སློབ་གྲྭའི་ནང་༢༤༢ ཁུ་རུ་ཐང་སློབ་གྲྭ་ནང་ སློབ་ཕྲུག་༣༩༡ བཞག་ནི་ཨིནམ་ད་ སློབ་དཔོན་དང་ རྒྱབ་སྐྱོར་ལས་བྱེད་ལ་ལོ་ཅིག་གིས་ ཁོ་རའི་བཟའ་ཚང་ཡང་ ཁྱིད་དེ་ཡོདཔ་ལས་ ཁོང་ལུ་ཡང་ སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་ལུ་ སྡོད་གནས་ཚུ་ བྱིན་ནི་ཨིན་པས།
སྤུ་ན་ཁ་རྫོང་ཁག་ཤེས་རིག་གཙོ་འཛིན་ གླེ་མོ་གིས་ སླབ་མིའི་ནང་ སློབ་རིམ་ཆུང་བའི་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་འགོ་མ་བཙུགསཔ་ལས་ འཕྲིན་ལས་སྒང་སློབ་གྲྭ་དང་ ཤེལ་རྔ་ན་སློབ་གྲྭ་ཚུ་ནང་ སློབ་ཕྲུག་དང་ སློབ་དཔོན་ དེ་ལས་ རྒྱབ་སྐྱོར་ལས་བྱེདཔ་ཚུ་ ཤོང་ཚུགས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཁུ་རུ་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་རིམ་༩ པ་དང་༡༠ པའི་ སློབ་ཕྲུག་༡༢༠ དེ་ སྤུ་ན་ཁ་སློབ་གྲྭ་ལྟེ་བའི་ནང་ སྤོ་བཤུད་འབད་ནི་ཨིནམ་བཞིན་དུ་ སློབ་ཕྲུག་ཚུ་ཡང་ སྣུམ་འཁོར་བཱསི་གི་ ཞབས་ཏོག་བཙུགས་ཏེ་ ཕྱི་སྡོད་སློབ་ཕྲུག་སྦེ་ བཞག་ཡོད་ཟེར་ཨིན་པས།
ཁུ་རུ་ཐང་སློབ་གྲྭའི་ སློབ་ཕྲུག་ཚུ་ སྤོ་བཤུད་འབད་མི་དེ་ཡང་ ཕུན་ཚོགས་གླིང་གི་ སློབ་ཕྲུག་ཚུ་ལུ་ སྡོད་གནས་སྒོ་ཡངས་ཏོག་ཏོ་དང་ ཉེན་སྲུང་གི་དོན་ལུ་ཨིན་ཟེར་ གླེ་མོ་གིས་ བཤདཔ་ཨིན་པས།
རྫོང་ཁག་གིས་ སློབ་ཕྲུག་ཚུ་ སྤོ་བཤུད་འབད་ནིའི་ བརྡ་དོན་ཚུ་ ཐོབ་པའི་ཤུལ་ལས་ གདན་དང་ ཧང་ དེ་ལས་ བཞེས་སྒོ་འབད་ནིའི་ ཅ་ཆས་ཚུ་ ནང་སྡོད་སློབ་གྲྭ་ཚུ་ལས་ མཁོ་སྒྲུབ་འབད་ཡོད་རུང་ འཕྲིན་ལས་སྒང་དང་ ཤེལ་རྔ་ན་སློབ་གྲྭ་ཚུ་ནང་ ནང་སྡོད་མཐུན་རྐྱེན་ཡོདཔ་ལས་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་དགོཔ་ མ་བྱུང་ཨིན་པས།
ཁ་ཙ་ཚུན་ཚོད་ ཁུ་རུ་ཐང་སློབ་གྲྭ་ནང་ སློབ་ཕྲུག་དང་ རྒྱབ་སྐྱོར་ལས་བྱེདཔ་ དེ་ལས་ རྫོང་ཁག་འགོ་དཔོན་ཚུ་གིས་ ཐབ་ཚང་དང་ ཉེར་མཁོའི་ཅ་ཆས་ཚུ་ གྲ་སྒྲིག་འབད་བའི་ཁར་ གློག་མེ་དང་ ཆུ་དུང་གི་ ལཱ་ཚུ་འབད་མི་དེ་ཡང་ སློབ་གྲྭ་དེ་ནང་ ནང་སྡོད་མཐུན་རྐྱེན་མེད་མི་ལུ་བརྟེན་ ཨིནམ་བཞིན་དུ་ གཟུགས་ཆུ་འཁྱུ་སའི་ མཐུན་རྐྱེན་ཚུ་ཡང་ བཙུགས་ཡོདཔ་ཨིན་པས།
གླེ་མོ་གིས་ སླབ་མིའི་ནང་ ཕུན་ཚོགས་གླིང་གི་ སློབ་ཕྲུག་མང་ཤོས་ར་ ཧེ་མར་ ནང་སྡོད་སློབ་གྲྭ་ནང་ སྡོད་ཡོད་པའི་ ཉམས་མྱོང་མེད་པའི་ཁར་ ཁོང་རའི་ཕམ་ཚུ་ བཀོག་བཞག་སྟེ་ ཁྲོམ་སྡེ་ལས་ འོང་དོ་ཡོདཔ་ལས་ བཞེས་སྒོ་འབད་ནིའི་ ཐབ་ཚངཔ་ཚུ་ཡང་ ངོས་འཛིན་འབད་དེ་ ཡོད་ཟེར་ཨིན་པས།
རྫོང་ཁག་ཤེས་རིག་སྡེ་ཚན་གྱི་ཧོངས་ལས་ སློབ་ཕྲུག་ཚུ་ སྟབས་བདེ་ཏོག་ཏོ་དང་ སེམས་དགའ་ཏོག་ཏོ་སྦེ་ བཞག་ཐབས་ལུ་ གྲ་སྒྲིག་ཚུ་ མ་བཏུབ་བཏུབ་སྦེ་ འབད་དོ་ཟེར་ གླེ་མོ་གིས་ བཤདཔ་ཨིན་པས།

ཕུན་ཚོགས་གླིང་ལུ་ གཞུང་གི་སློབ་གྲྭ་༣ དང་ སྒེར་གྱི་སློབ་གྲྭ་༡ ལས་ སློབ་རིམ་༩ པ་ལས་༡༢ པ་ཚུན་གྱི་ སློབ་ཕྲུག་བསྡོམས་༡,༤༠༨ ད་རིས་ སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་ དེ་ལས་ བསམ་རྩེ་རྡོ་རོ་ཁ་ལུ་ སློབ་གྲྭའི་ས་ཁོངས་གསརཔ་ཚུ་ནང་ སྤོ་བཤུད་འབད་ནི་ཨིནམ་བཞིན་དུ་ ཁ་ཙ་ ཕམ་དང་སློབ་ཕྲུག་ཚུ་གིས་ ཕུན་ཚོགས་གླིང་ཁྲོམ་ལས་ ནང་སྡོད་སློབ་གྲྭ་ལུ་མཁོ་བའི་ ཅ་ཆས་ཚུ་ ཉོ་འབག་འགྱོ་བའི་བསྒང་།

དབང་འདུས་ཕོ་བྲང་ལུ་འབད་བ་ཅིན་ དབང་འདུས་སློབ་གྲྭ་ཆུང་བའི་ནང་ ཕུན་ཚོགས་གླིང་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་རིམ་༩ པ་༡༠ པའི་ སློབ་ཕྲུག་༢༠༢ དང་ སློབ་དཔོན་༡༢ དེ་ལས་ རྒྱབ་སྐྱོར་ལས་བྱེདཔ་ཚུ་ བཞག་ནི་ཨིན་པས།
དབང་འདུས་རྫོང་ཁག་ཤེས་རི་གཙོ་འཛིན་ པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ བཞེས་སྒོ་འབད་ནིའི་ ཅ་ཆས་དང་ གདན་ དེ་ལས་ ཧང་ཚུ་ ནང་སྡོད་མཐུན་རྐྱེན་ཡོད་པའི་ སློབ་གྲྭ་ཚུ་ལས་ ལེན་ཡོདཔ་བཞིན་དུ་ སློབ་གྲྭ་དེ་ནང་ སློབ་དཔོན་དང་ རྒྱབ་སྐྱོར་ལས་བྱེདཔ་ཚུ་གིས་ ཐབ་ཚང་ཅིག་ཡང་ རྐྱབ་ཅི་ཟེར་ཨིན་པས།
པདྨ་རྡོ་རྗེ་གིས་ སླབ་མིའི་ནང་ ཕུན་ཚོགས་གླིང་གི་ སློབ་ཕྲུག་ཚུ་ལུ་ རུལ་ཉེན་ཅན་གྱི་ ཅ་ཅས་ཚུ་ སློབ་གྲྭའི་བཟའ་འཐུང་འཆར་དངུལ་ལས་ མཁོ་སྒྲུབ་འབད་ནི་སྦེ་ ངོས་འཛིན་འབད་དེ་ཡོད་ཟེར་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ཉེར་མཁོའི་ཅ་ཆས་ཚུ་ བཀྲམ་སྤེལ་འབད་ནི་ཨིན་པས།
ཕུན་ཚོགས་གླིང་གི་ སློབ་ཕྲུག་ཚུ་ཡང་ ཀོ་བིཌ-༡༩ དང་འབྲེལ་བའི བརྟག་དཔྱད་འབད་ཡོདཔ་བཞིན་དུ་ སློབ་གྲྭ་གསརཔ་ཚུ་ནང་ ལྷོད་པའི་སྐབས་ གསོ་བའི་ལམ་སྟོན་དང་འཁྲིལ་ཏེ་ ཉེན་སྲུང་གི་དོན་ལུ་ བདུན་ཕྲག་༡ དེ་ཅིག་ སློབ་གྲྭའི་ས་ཁོངས་ཚུ་ནང་ ཟུར་སྡོད་དགོཔ་ཨིན་པས།
ཁ་ཙ་ རྒྱང་མཐོང་ནང་ ཤེས་རིག་ལྷན་ཁག་གི་ མདོ་ཆེན་ཞབས་ཏོག་ ལས་ཚན་གྱི་མདོ་ཆེན་ ཀུན་ལེགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ སློབ་ཕྲུག་ཚུ་ སྤོ་བཤུད་འབད་ནིའི་སྐོར་ལས་ ཕུན་ཚོགས་གླིང་ཁྲོམ་སྡེ་དང་ སྤུ་ན་ཁ་ དབང་འདུས་ དེ་ལས་ བསམ་རྩེའི་ ཤེས་འགོ་དཔོན་དང་ དབུ་འཛིན་ཚུ་དང་ ཡོངས་འབྲེལ་ཐོག་ལས་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།
ཕུན་ཚོགས་གླིང་གི་ སློབ་གྲྭ་ཚུ་ ས་གནས་གཞན་ཁར་ སྤོ་བཤུད་འབད་མི་དེ་ཡང་ ཕུན་ཚོགས་གླིང་དེ་ ཀོ་བིཌ-༡༩ ལུ་བརྟེན་ ཚོས་གཞི་དམརཔོ་སྦེ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ ནད་གཞི་ཐོབ་ནི་ ཉེན་ཁ་ཡོད་མི་ལུ་བརྟེན་ཨིན་པས།
གཞུང་གིས་ སློབ་རིམ་༩ པ་དང་༡༡ པའི་ ཆོས་རྒྱུགས་ཚུ་ སང་ཕོད་སྤྱི་ཟླ་༢ པའི་ ཟླ་མཇུག་དང་ སློབ་རིམ་༡༠ པ་༡༢ པའི་ གཞུང་གི་ཆོས་རྒྱུགས་དེ་ སྤྱི་ཟླ་༣ པའི་ བདུན་ཕྲག་དང་པའི་ནང་ འགོ་འདྲེན་འཐབ་ནི་ལུ་ ཐག་བཅད་དེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *