ཕུན་ཚོགས་གླིང་ལུ་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་བསལ་ནི་ལུ་ ཕན་ཁྱད་བྱུང་མི་ བྱང་ཕྱོགས་ཁ་ཐུག་གི་ ཕྲང་ལམ་གསརཔ།

ཕུན་ཚོགས་གླིང་གི་ ཕྲང་ལམ་ལུ་བརྟེན་ ཁྲོམ་ཁར་སྣུམ་འཁོར་མ་ཤོང་པའི་དཀའ་ངལ་ མར་བབས་སོང་ཡོདཔ།

༉ དུས་ཚོད་འ་ནེམ་ཅིག་ལུ་ ཕུན་ཚོགས་གླིང་ཁྲོམ་ཁར་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་སྦོམ་བྱུང་དོ་ཡོད་རུང་ ད་རེས་བཟུམ་ཅིག་འབད་བ་ཅིན་ གནས་སྟངས་སོ་སོར་ཅིག་སྦེ་ མཐོངམ་ཨིན་པས།

དེ་ཡང་ དུས་ཅི་ སྤྱི་ཟླ་དང་པ་མཇུག་བསྡུཝ་ད་ བྱང་ཕྱོགས་ཁ་ཐུག་གི་ ཕྲང་ལམ་བཟོ་སྐྲུན་འབད་མི་དེ་ མཇུག་བསྡུ་མི་ལུ་བརྟེན་ཨིན་པས།

ལམ་ཕྱོགས་༢ ནང་ སྣུམ་འཁོར་༤ རེ་ སྟབས་གཅིག་ཁར་ རྒྱུན་འགྲུལ་འཐབ་ཚུགས་མི་ ཕྲང་ལམ་དབྱེ་ཁག་དང་པ་དེ་ ཀི་ལོ་མི་ཊར་༢ ཡོདཔ་ད་ དེ་ཡང་ ཞིབ་དཔྱད་སྒོ་ར་༢ པ་ལས་ འགོ་བཙུགས་མི་དེ་གིས་ ཆུ་སྲིན་གསོ་སྐྱོང་འབད་སའི་ ཉེ་འདབས་ཚུན་ཨིན་པས།

ཕྲང་ལམ་བཟོ་སྐྲུན་ལས་འགུལ་དེ་ ཨེསི་ཨེ་ཨེསི་ཨི་སི་ལས་འགུལ་གྱིས་ གཙོ་རིམ་བཟུང་མིའི་གྲས་ལས་༡ ཨིནམ་ད་ དེ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༡༩༨ ཟད་འགྲོ་བཏང་ཡོདཔ་ཨིན་པས།

ལས་འགུལ་གྱི་ ཡོངས་བསྡོམས་མ་དངུལ་ལས་ བརྒྱ་ཆ་༨༡ ཨེ་ཤི་ཡཱན་གོང་འཕེལ་དངུལ་ཁང་གིས་ གྲོགས་རམ་སྦེ་བྱིན་ཡོདཔ་ད་ ལྷག་ལུས་བརྒྱ་ཆ་༡༩ གཞུང་གིས་བཏངམ་ཨིན་པས།

ལས་འགུལ་དེ་ ཇ་པཱན་གྱི་ལས་སྡེ་ མ་རུ་ཤཱིན་ཤི་ཏ་ཀ་བཟོ་སྐྲུན་ལས་སྡེ་གིས་ རིག་གསར་བཟོ་སྐྲུན་སྒེར་སྡེ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ འབད་ཡོདཔ་ཨིན་པས།

ལས་འགུལ་མཉམ་འབྲེལ་བ་ དེ་བི་ ཅ་རམ་ དཱི་མལ་གྱིས་ སླབ་མིའི་ནང་ ལས་འགུལ་དེ་ ཕུན་ཚོགས་གླིང་ཁྲོམ་གྱིས་ ལེན་ཡི་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ དེ་གིས་ ཁྲོམ་ཁར་ སྣུམ་འཁོར་དང་འབྲེལ་བའི་ དཀའ་ངལ་བསལ་ཚུགས་ཏེ་ཡོད་ཟེར་ཨིནམ་ད་ ཕྲང་ལམ་དེ་ལུ་བརྟེན་ སྣུམ་འཁོར་ཆེ་བའི་རིགས་ཚུ་ག་ར་ ཁྲོམ་ངོ་མའི་ལམ་ལས་ ཁ་བསྒྱུར་བཏང་ཚུགས་ཏེ་ཡོད་ཟེར་ཨིན་པས།

ཕྲང་ལམ་དེ་ཁར་ལས་ སྣུམ་འཁོར་ཆུང་བའི་རིགས་ཚུ་ཡང་ འགྲོ་འགྲུལ་འབད་བཅུག་དོ་ཡོདཔ་ད་ ཕྲང་ལམ་གྱི་ཟུར་ཁ་ལས་ མི་འགྲོ་འགྲུལ་འབད་ནིའི་ རྐང་ལམ་ཚུ་ཡང་ བཟོ་སྟེ་ཡོདཔ་ད་ འཁོར་ལམ་བདའ་སྟེ་ གློག་མེའི་མཐུན་རྐྱེན་ཚུ་ཡང་ བཙུགས་ཡོད་པའི་ཁར་ བརྒྱུད་འཕྲིན་ཚད་ཀྱི་ ཞབས་ཏོག་དོན་ལུ་ཡང་ ལམ་འོག་ལུ་ ས་གོ་བཞག་སྟེ་ཡོད་ཟེར་ཨིན་པས།

དེ་མ་ཚད་ ཧེ་མ་ ཅ་དམ་གྱི་ལཱ་འབད་མི་ཚུ་གི་ དོ་བཞག་ས་ནང་ སྤོ་ཡོད་མི་དེ་གིས་ཡང་ སྣུམ་འཁོར་ཆེའི་བའི་རིགས་ཚུ་ ཁྲོམ་ནང་འཁོད་ལུ་ འཛུལ་མ་དགོཔ་སྦེ་ བཟོ་སྟེ་ཡོད་ཟེར་ཨིན་པས།

ཕུན་ཚོགས་གླིང་ལུ་སྡོད་མི་ བསོད་ནམས་ཀྱིས་ སླབ་མིའི་ནང་ དེ་བཟུམ་མའི་ལས་འགུལ་ འགོ་བཙུགས་མི་དེ་ ལེགས་ཤོམ་འདུག་ཟེར་ཨིན་པས།

ཕུན་ཚོགས་གླིང་ཁྲོམ་དེ་ མི་མང་འཛོམས་ས་འབདཝ་ལས་ མཛེས་ཆ་དང་ལྡནམ་སྦེ་ བཟོ་དགོཔ་འདུག་ཟེར་ཨིནམ་ད་ ལས་འགུལ་དེ་ སྤྱི་ལོ་༢༠༡༧ ཟླ་༩ པའི་ནང་ འགོ་བཙུགས་ཡོད་མི་དེ་ སྒེར་གྱི་སའི་ཇོ་བདག་དང་གཅིག་ཁར་ མོས་མཐུན་འབྱུང་ནི་ལུ་ ཟླཝ་༡༡ འགོར་ཡོདཔ་ཨིན་པས།

དེའི་ཤུལ་ལས་ གནམ་བྱཱར་འགོ་བཙུགས་ནི་དེ་གིས་ ལས་འགུལ་དེ་ ཕྱིས་ཡོདཔ་ད་ ད་ལྟོའི་ལས་འགུལ་གྱིས་ ལས་འགུལ་དབྱེ་ཁག་༢ པ་དང་ མཐུད་སྦྲེལ་མི་འབད་ནི་ཨིནམ་ད་ དབྱེ་ཁག་༢ པ་དེ་ མི་ཊར་༦༥༠འབད་མི་ སྣུམ་འཁོར་ཤོང་ཚད་༤ འབད་མི་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ནང་ འགོ་དང་པ་ཨིན་པས།

ལས་འགུལ་དེ་ ད་རེས་ཀྱི་ཟླཝ་ནང་ མཇུག་བསྡུ་དགོཔ་ཅིག་ཨིན་རུང་ གནམ་བྱཱར་གྱི་དུས་ཚོད་དང་ ཁ་ཐུག་རྐྱབ་མི་ལུ་བརྟེན་ ཕྱིས་ཡོདཔ་ཨིན་པས།

དེ་བི་ཅ་རན་ དཱི་མལ་གྱིས་ སླབ་མིའི་ནང་ ལས་འགུལ་དེ་ དུས་ཅི་ སྤྱི་ཟླ་༡༠པའི་ནང་ མཇུག་བསྡུ་འོང་ཟེར་ཨིནམ་ད་ ད་ལྟོ་ ལཱ་བརྒྱ་ཆ་༧༠དེ་ཅིག་ འབད་ཚར་ཏེ་ཡོད་ཟེར་ཨིན་པས།

ལས་འགུལ་དབྱེ་ཁག་༢ པམ་དེ་ལུ་ དངུལ་ཀྲམ་ས་ཡ་༢༤༦ གནས་ནི་ཨིནམ་ད་ མཇུག་བསྡུ་བའི་ཤུལ་ལས་ ཕུན་ཚོགས་གླིང་དང་ ཐིམ་ཕུག་གི་ གཞུང་ལམ་དང་གཅིག་ཁར་ བསྟན་སྲུང་དམག་སྡེའི་ས་ཁོངས་ནང་ལས་ མཐུད་སྦྲེལ་འབད་ནི་ཨིན་པས།

ལས་འགུལ་དེ་ མཇུག་བསྡུ་བའི་ཤུལ་ལས་ ཐིམ་ཕུག་དང་ དཔག་བསམ་ཁ་ལུ་ འགྲོ་འགྲུལ་འབད་མི་ སྣུམ་འཁོར་ཆེ་བའི་རིགས་ཚུ་ ཁྲོམ་བརྒྱུད་དེ་ རྒྱུན་འགྲུལ་འཐབ་མི་དགོ་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

སྤ་རོ་ལུ་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ཡོདཔ།

༉ སྤྱི་ཟླ་༢ པའི་ཚེས་༢༠ ལུ་ དབང་པོ་སྐྱོན་ཅན་ཚུ་ལུ་ སློབ་སྟོན་འབད་ནིའི་དོན་ལས་ རིག་རྩལ་དང་ ཤེས་ཡོན་འཐོབ་ནི་ལུ་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་གིས་ ཆ་ཚང་ཤེས་ཡོན་གྱི་ གཙུག་ལག་ཤེས་ཡོན་གྱི་ སྦྱོང་ཚན་ལས་རིམ་ འགོ་འབྱེད་འབད་ནུག། སྦྱོང་བརྡར་གྱི་ ལས་རིམ་དང་པའི་ནང་ …

Leave a Reply

Your email address will not be published. Required fields are marked *