ཕི་ལུ་མ་སྤྱི་འོག་གི་ སོ་ནམ་པ་ཚུ་གིས་ ཐོན་སྐྱེད་འབད་མི་ ཚར་བཟོའི་ནང་ཆས་ཚུ།

ཕི་ལུ་མ་སོ་ནམ་པ་ཚུ་གིས་ སོ་ནམ་ཞིང་ལཱ་རྐྱངམ་གཅིག་མེན་པར་ ཚར་བཟོའི་ཐོན་སྐྱེད་ཚུ་ཡང་འབད་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ ཨོ་རོང་རྒེད་འོག་ ཕི་ལུ་མ་སྤྱི་འོག་གི་ མི་སེར་སོ་ནམ་པ་ཚུ་གིས་ སོ་ནམ་ཞིང་ལཱ་རྐྱངམ་གཅིག་མེན་པར་ འོང་འབབ་ལེགས་ཤོམ་ བཟོ་ཚུགས་ནི་ལུ་དམིགས་ཏེ་ ཚར་བཟོའི་ལཱ་ཚུ་ཡང་ རྩ་འགེངས་འབད་སར་མཐོངམ་ཨིན་མས།
མི་སེར་ཚུ་གིས་ ཚར་བཟོའི་ཐོན་སྐྱེད་ཚུ་ ལེགས་ཤོམ་སྦེ་ བཟོ་ཚུགས་དོ་ཡོད་རུང་ སྤྱི་འོག་དེ་ནང་ འཁོར་ལམ་གྱི་ ཞབས་ཏོག་མེདཔ་ལས་ ཚོང་འབྲེལ་འཐབ་མ་ཚུགས་པའི་ གདོང་ལེན་བྱུང་དོ་ཡོདཔ་བཞིན་དུ་ དུམ་གྲ་རེ་ མཁོ་འདོད་བསྐྱེད་མི་འཐོན་རུང་ བསྐྱལ་མ་ཚུགས་པའི་ དཀའ་ངལ་ཡོདཔ་ཨིན་པས།
ཕི་ལུ་མ་ཤིང་མེན་ཚོགས་པའི་ཁྲི་འཛིན་ འཇིགས་མེད་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་རང་བཞིན་གནས་སྟངས་བློ་གཏད་མ་དངུལ་གྱིས་ མ་དངུལ་དང་ བསམ་གྲུབ་ལྗོངས་མཁར་གྱི་ ནགས་ཚལ་ལས་ཁུངས་ཀྱིས་ འཕྲུལ་རིག་ལ་སོགས་པའི་ རྒྱབ་སྐྱོར་ཐོག་ ཚོགས་པ་དེ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཤིང་མེན་ཚོགས་པ་གིས་ ཚར་བཟོའི་ནང་ཆས་ཀྱི་རིགས་ཚུ་ བཟོ་དོ་ཡོདཔ་བཞིན་དུ་ རྫོང་ཁག་གཞན་ལས་ མཁོ་འདོད་བཀོད་མི་ དུམ་གྲ་རེ་ཐོན་དོ་ཡོད་རུང་ འཁོར་ལམ་མཐུད་སྦྲེལ་མེདཔ་ལས་ བསྐྱལ་མ་ཚུགས་པའི་ གདོང་ལེན་བྱུངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྡེ་ཚན་ལུ་ ནང་ཆས་སོ་ཕ་སིཌ་བཟོ་ནིའི་ འཕྲུལ་ཆས་ཚུ་ཡང་ གྲོགས་རམ་གནང་སྟེ་ཡོདཔ་ལས་ སྡེ་ཚན་གྱིས་ སོ་ཕ་སིཌ་ཚུ་ བཟོ་དོ་ཡོད་རུང་ ད་ལྟོ་ འགོ་དང་པ་འབད་མི་ལུ་བརྟེན་ སྤུས་ཚད་དེ་ཅིག་ བཏོན་མི་ཚུགས་པས་ཟེར་ཨིནམ་ད་ ཕི་ལུ་མ་ལུ་ ཁྱིམ་གུང་པ་༥༠ ལྷགཔ་ཅིག་ཡོད་མི་ག་ར་ སྡེ་ཚན་གྱི་ འཐུས་མི་ཨིན་པས།
སྡེ་ཚན་གྱི་ འཐུས་མི་༣ དེ་ཅིག་ དགེ་ལེགས་ཕུག་ལུ་སྦེ་ སོ་ཕ་སིཌ་བཟོ་ནིའི་ སྦྱོང་བརྡར་ཚུ་ཡང་ ཐོབ་ནི་དེ་གིས་ ད་རེས་ ཁོ་གིས་ འགོ་འདྲེན་ཐོག་ལས་ བཟོ་དོ་ཡོདཔ་བཞིན་དུ་ ད་ལྟོ་ སྤུས་ཚད་ཚུ་ཡང་ ལེགས་ཤོམ་བཏོན་མི་ཚུགས་དོ་ཡོདཔ་ལས་ སོ་ཕ་སིཌ་༡ ཡང་ ཚོང་འབྲེལ་མ་འཐབ་མི་ལུ་བརྟེན་ གོང་ཚད་ཡང་ བཟོ་བཟོཝ་མེད་ཟེར་ཨིན་པས།
ཁྲི་འཛིན་གྱིས་ སླབ་མིའི་ནང་ མ་འོངས་པར་ ཚར་བཟོའི་ཐོན་སྐྱེད་ཚུ་ ཚོང་འབྲེལ་ལེགས་ཤོམ་འཐབ་ཚུགས་པའི་ གོ་སྐབས་ཡོདཔ་ལས་ སོ་ཕ་སིཌ་ཚུ་ཡང་ སྤུས་ཚད་ལེགས་ཤོམ་བཟོ་མ་ཚུགས་པའི་ དམིགས་གཏད་བསྐྱེད་དེ་ བློ་སྟོབས་མ་ཉམས་པར་ ལཱ་འབད་དོ་ཟེར་ཨིན་པས།
སོ་ནམ་པ་ཚུ་གིས་ ཚར་བཟོའི་ཐོན་སྐྱེད་ཚུ་ སྡེ་ཚན་གྱིས་ལེན་ཏེ་ བཙོང་དོ་ཟེར་ཨིནམ་ད་ ད་རེས་ མི་ཚུ་ཡང་ ཉམས་མྱོང་ཐོབ་ཡོདཔ་ལས་ གཡུས་ཚན་ནང་ སོ་ནམ་པ་ལ་ལོ་ཅིག་གིས་ ཟླཝ་༡ ནང་ ཚར་བཟོ་ལུ་བརྟེན་ འོང་འབབ་དངུལ་ཀྲམ་༢༠,༠༠༠ ལྷགཔ་ཅིག་ བཟོ་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ མི་གིས་འབག་ཚུགས་མི་ ཚར་བཟོའི་རིགས་ མཐོ་སྐལ་དང་ ཤིང་ཀྲོ་ ཕྱགས་སྙིགས་བཙུགས་ཧོད་ ཕོརཔ་ལ་སོགས་པ་ཚུ་ ཚོང་འབྲེལ་འཐབ་དོ་ཟེར་ཨིནམ་ད་ ཐོན་སྐྱེད་དེ་ཚུ་ དངུལ་ཀྲམ་༢༥༠ དང་༥༠༠ དེ་ཅིག་གི་བར་ན་སྦེ་ བཙོང་དོ་ཡོདཔ་ཨིན་པས།
འཐུས་མི་ཚུ་གིས་ སླབ་མིའི་ནང་ ཚར་བཟོའི་རིགས་ཚུ་ མང་ཤོས་ར་ ཚོང་འབྲེལ་འགྲེམས་སྟོན་ལ་སོགས་པ་ཚུ་ ཡོད་པའི་སྐབས་ ཚོང་འབྲེལ་ལེགས་ཤོམ་འཐབ་ཚུགས་པས་ཟེར་ཨིནམ་ད་ ན་ཧིང་ འབྲུག་རྒྱལ་འཛིན་མེ་ཏོག་འགྲེམས་སྟོན་སྐབས་ འོང་འབབ་ལེགས་བཟོ་ཚུགས་ཡི་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་ ཁང་མིག་ཅིག་ གླ་ཁར་ལེན་ཐོག་ ཚར་བཟོའི་རིགས་ཀྱི་ ཚོང་ཁང་ཅིག་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ དུས་ཅི་གི་ལོ་ནང་ར་ གཡུས་ཚན་ནང་ འཁོར་ལམ་མཐུད་སྦྲེལ་འབད་ནིའི་ འཆར་གཞི་ཡོདཔ་བཞིན་དུ་ འཁོར་ལམ་ལྷོད་ཞིནམ་ལས་ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་ ཚོང་ཁང་གཞི་བཙུགས་འབད་ནི་ཨིནམ་མ་ཚད་ རྫོང་ཁག་གཞན་ཚུ་ནང་ཡང་ ཚར་བཟོའི་ཐོན་སྐྱེད་ཀྱི་རིགས་ཚུ་ ཚོང་འབྲེལ་འཐབ་པར་ འབག་ནིའི་འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ཕི་ལུ་མ།

 

About admin

Check Also

སྤྱི་ཟླ་༦ པའི་ནང་ བདེན་མཆིས་རྫོང་ གསར་བཞེངས་ཀྱི་ལཱ་ ཡོངས་རྫོགས་མཇུག་བསྡུ་ནི།

༉ པདྨ་དགའ་ཚལ་ བདེན་མཆིས་རྫོང་ གསར་བཞེངས་འབད་ནི་ འགོ་བཙུགས་ཏེ་ ལོ་༥ དེ་ཅིག་གི་རྒྱབ་ལས་ ད་རིས་ཀྱི་ཟླཝ་ནང་ བསྒྲུབ་ནི་ཨིན་པས། དེ་ཡང་ དབུ་རྩེ་མ་གཏོགས་ བཟོ་བཀོད་གཞན་ཚུ་ལུ་ ཚོན་བཏང་ཚར་ཡོདཔ་མ་ཚད་ རྫོང་ནང་ན་ཡིག་ཚང་ཚུ་ གཞི་བཙུགས་འབད་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *