ཚེ་རིང་ལྷ་མོ་གིས་ མོ་རའི་ ཨ་ལོ་ཚུ་ལུ་ དཔེ་ཆ་སྟོན་པའི་བསྒང་།

ཕམ་ཚུ་གིས་ཡང་ རང་སོའི་ཨ་ལོ་ཚུ་ལུ་ སློབ་སྟོན་འབད་བྱིན་པ་ཅིན་ ཕན་ཁྱད་ཆེ་ནི་ཨིནམ།

༉ རྩིརང་ མནྜལ་སྒང་རྒེད་འོག་ པདྨ་ཤོང་ལུ་སྡོད་མི་ ཨ་ལོ་གཉིས་ཀྱི་ཨའི་ ཚེ་རིང་ལྷ་མོ་དེ་ ནད་ཡམས་ཐོན་ཞིནམ་ལས་ ས་གནས་ཀྱི་ ཨ་ལོ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བ་དེ་ སྒོ་བསྡམས་པའི་ཤུལ་ལུ་ འགན་ཁུར་ཐེབས་ ཕོག་ཡོདཔ་ཨིན་པས།
མོ་ར་ ཁྱིམ་ནང་གི་ ཉིན་བསྟར་ལཱ་ཚུ་ འབད་དགོ་པའི་ཁར་ ད་རེས་ སྐྱེས་ལོ་༤ ལང་མི་ མོ་རའི་བུམོ་དང་ སྐྱེས་ལོ་༣ ལང་མི་ བུ་གཉིས་ལུ་ ཁྱིམ་ནང་སྦེ་ སློབ་སྟོན་འབད་དགོཔ་ཐོན་ཡོདཔ་ཨིན་པས།
མོ་གིས་ ཨ་ལོ་གཉིས་ལུ་ གསལ་བྱེད་ཚུ་ སྟོན་དོ་ཡོདཔ་ད་ ཉིན་བསྟར་བཞིན་དུ་ ཤེས་ཡོན་གྱི་གློག་ཐུང་བཏང་མི་ཚུ་ལྟ་སྟེ་ པར་རིས་འབྲི་ནི་དང་ ཞབས་ཁྲ་འཐེན་ནི་ཚུ་ སྟོན་བྱིན་དོ་ཡོདཔ་ཨིན་པས།
མོ་གིས་སླབ་མིའི་ནང་ ཁྱིམ་ནང་སྟོན་པའི་སྐབས་ སློབ་གྲྭ་ནང་ ལྷབ་དོ་བཟུམ་སྦེ་ མ་ཤེས་རུང་ ཨ་ལོ་ཚུ་གིས་ དུམ་གྲ་རེ་ ལྷབ་ཚུགས་པས་ཟེར་ཨིན་པས།
མོ་བཟུམ་སྦེ་ མཐོ་རིམ་ཤེས་ཚད་མཇུག་བསྡུ་མི་ མོ་གི་ཁྱིམ་ཚང་ པདྨ་ཚེ་རིང་ཏ་མང་གིས་ཡང་ སྐྱེས་ལོ་༤ ལང་མི་ མོ་རའི་ཚམོ་ལུ་ དཔེ་ཆ་སྟོན་དོ་ཡོདཔ་ད་ ཁོ་གིས་ ཉིན་བསྟར་བཞིན་དུ་ རྫོང་ཁ་དང་ ཨིང་སྐད་གཉིས་ཆ་ར་ སྟོན་བྱིན་དོ་ཡོདཔ་ཨིན་པས།
ཕམ་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ སློབ་སྟོན་འབད་དོ་ཡོད་རུང་ སློབ་དཔོན་ཚུ་གིས་ འཕྲལ་འཕྲལ་སྦེ་ར་ སློབ་སྟོན་མཁོ་ཆས་ཚུ་ བཀྲམ་སྤེལ་འབད་བར་ འོང་ནི་ཡོད་ཟེར་ཨིནམ་པས།
ཨིན་རུང་ ཕམ་གཉིས་ཆ་ར་ ལཱ་འབད་བར་འགྱོ་དགོ་མི་ཚུ་གིས་ ཨ་ལོ་ཚུ་དང་གཅིག་ཁར་སྡོད་དེ་ སློབ་སྟོན་འབད་ནི་དེ་ ལཱ་ཁག་ཅིག་ལུ་གྱུར་ཡོདཔ་ད་ སློབ་གྲྭ་ལྟེ་བ་ཅིག་གི་ སློབ་དཔོན་ཨིན་མི་ རྣམ་རྒྱལ་བཟུམ་ཅིག་འབད་བ་ཅིན་ མོ་ར་ ལཱ་སར་འགྱོཝ་ད་ ཁྱིམ་ནང་ཨ་ལོ་བཞག་ནི་དེ་ བློ་མི་བདེ་བས་ཟེར་ཨིན་པས།
སློབ་སྟོན་འབད་ནིའི་ཐད་ཁར་ རྣམ་རྒྱལ་གྱིས་ སླབ་མིའི་ནང་ མོ་ར་ དྲོ་པ་ལཱ་སར་ མ་འགྱོ་བའི་ཧེ་མར་ ཨ་ལོ་གི་དོན་ལུ་ ཉིན་མ་ལཱ་ག་ཅི་ར་ འབད་ནི་ཨིན་ན་ཚུ་ གྲ་སྒྲིག་བཟོ་སྟེ་ སྤྲོད་བཞགཔ་ཨིན་ཟེར་ཨིན་པས།
ང་ར་ ཉིན་མའི་བཞེས་སྒོ་བཟའ་བར་འོངམ་ད་ ལཱ་ཚུ་འབད་མ་འབད་ལྟ་དོ་ཟེར་ རྣམ་རྒྱལ་གྱིས་བཤད་ཡོདཔ་ད་ ཨ་ལོ་གཅེས་སྐྱོང་དང་གོང་འཕེལ་ལྟེ་བའི་ ལྟ་རྟོག་པ་གིས་ སླབ་མིའི་ནང་ ཁོང་གིས་ ཨ་ལོ་ཚུ་ དུས་ཚོད་འཕྲོ་བརླག་མ་འགྱོཝ་སྦེ་ བཞག་ཐབས་ལུ་ ཕམ་ཚུ་ལུ་ སློབ་སྟོན་འབད་ནི་ལུ་ ཤུགས་བཏོན་དོ་ཟེར་ཨིན་པས།
ང་བཅས་ཀྱིས་ ཕམ་ཚུ་གིས་ ཨ་ལོ་ཚུ་ ཁྱིམ་ནང་སྡོད་པའི་སྐབས་ ག་དེ་སྦེ་ དུས་ཚོད་དོན་སྨིན་ཅན་སྦེ་ བཟོ་དགོཔ་ཨིན་ནའི་སྐོར་ལས་ སློབ་དུས་གཉིས་ཀྱི་ལཱ་ཚུ་ གྲ་སྒྲིག་འབད་ཚར་ཡོདཔ་ལས་ ཟླ་རིམ་བཞིན་དུ་ འཕྲོ་མཐུད་དེ་ར་ འབད་འོང་ཟེར་ འགོ་དཔོན་གྱིས་བཤད་ཅི།
དེ་གི་དོན་ལུ་ ལྟེ་བ་གིས་ གློག་རིག་ཐོག་ལས་ ལྷབ་སྦྱང་འབད་ནི་ཚུ་ སྟོན་བྱིན་རུང་ ཕམ་མང་ཤོས་ལུ་ མི་སྡེ་བརྡ་བརྒྱུད་ཀྱི་ མཐུན་རྐྱེན་མེདཔ་ལས་ ལེགས་ཤོམ་སྦེ་ ལག་ལེན་འཐབ་མ་ཚུགས་ཟེར་ཨིན་པས།
ཕམ་ལ་ལོ་ཅིག་གིས་ ཨ་ལོ་ཚུ་ དཔེ་ཆ་ལྷབ་དགོ་མ་མནོ་རུང་ བང་བཙོང་སྟེ་ འབད་བཅུག་མི་ཡང་ འོང་ཟེར་ ཨིནམ་ད་ ཁོང་གིས་ ཨ་ལོ་ཚུ་འབད་སར་ འགྱོ་ནི་དེ་ཡང་ ཁོང་ལུ་ ལཱ་གཞན་ཡོདཔ་ལས་ ཉེ་འདབས་ལུ་ཡོད་མི་ཚུ་ནང་རྐྱངམ་གཅིག་ འགྱོ་འོང་ཟེར་ཨིན་པས།
ན་ཧིང་ལས་ འགོ་བཙུགས་མི་ ལྟེ་བ་དེ་ནང་ ཨ་ལོ་༢༥ གིས་ ཐོ་བཀོད་འབད་ཡོདཔ་ད་ འཛོམས་གླིང་ཐང་ལུ་ཡོད་མི་ ལྟེ་བ་དེ་ ཨ་ལོ་ཚུ་ལུ་ དུས་རྒྱུན་དུ་ མི་སྡེ་བརྡ་བརྒྱུད་ཐོག་ལས ལྟ་རྟོག་འབདམི་ བཙུགས་ཏེ་ཡོདཔ་ཨིན་པས།
འགྲམ་ཕུག་ཁྲོམ་ཁར་ སྒེར་གྱི་གཅེས་སྐྱོང་ལྟེ་བ་ ཕུད་རྡོག་གཅིག་ལས་མེད་མི་ ལམ་སྲོལ་གཅེས་སྐྱོང་ལྟེ་བ་དེ་ ད་ལྟོ་ཡང་ སྒོ་བསྡམས་ཏེ་ར་ ཡོདཔ་ཨིན་པས།
ལྟེ་བའི་ཇོ་བདག་གིས་ སླབ་མིའི་ནང་ འཕྲལ་མགྱོགས་ར་ ཕམ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ ལོག་སྒོ་ཕྱེ་ནིའི་སྐོར་ལས་ གྲོས་བསྟུན་འབད་ནི་ཟེར་ཨིན་པས།
ལོག་ཕྱེ་ནི་ལུ་ ཐག་གཅད་པ་ཅིན་ ནད་ཡམས་དང་འཁྲིལ་བའི་ ཉེན་སྲུང་གི་ སྒྲིག་གཞི་ཚུ་དང་འཁྲིལ་ཏེ་ འབད་འོང་ཟེར་ཨིནམ་ད་ ལོག་སྒོ་ཕྱེ་བ་ཅིན་ ཉེན་སྲུང་གི་ ཐབས་ལམ་ཚུ་བལྟ་བར་ རྫོང་ཁག་ཤེས་རིག་འགོ་དཔོན་ཚུ་ འཐོན་འོང་ཟེར་ བཤད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *