ཕམ་གིས་ འགྲུལ་འཕྲིན་ཉོ་མ་བྱིནམ་ལས་ ཨ་ལོ་གིས་ རང་སྲོག་བཅད་ཡོདཔ།

༉ མོང་སྒར་དགྲ་མེད་རྩེ་རྒེད་འོག་ སྦ་གིང་ཀླུ་ག་གཡུས་ཚན་ནང་ ཕམ་གིས་ འགྲུལ་འཕྲིན་ཉོ་བྱིན་མ་ཚུགས་པའི་ གནད་ལུ་བརྟེན་ སྐྱེས་ལོ་༡༣ ལང་མི་ བུཚ་ཅིག་གིས་ རང་སྲོག་བཅད་ཡོདཔ་ཨིན་པས།

རྐྱེན་ངན་དེ་ཡང་ སྤྱི་ཟླ་༦ པའི་ཚེས་༡༤ གི་ ཉི་མའི་ཆུ་ཚོད་༢:༣༠ ལུ་ ཚེ་འདས་ཀྱི་ཁྱིམ་ལས་ མི་ཊར་༥༠༠ དེ་ཅིག་ཡོད་མི་ ཚལ་མ་ནང་ བྱུང་ཡོདཔ་ད་ སྦ་གིང་-ཤ་གདང་ཚོགས་པ་ དཀར་ཅུང་གིས་ བུཚ་དེ་གི་ ཕུངམ་མཐོང་སྟེ་ རྒཔོ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ རྒཔོ་གིས་ ཁྲིམས་སྲུང་འགག་སྡེ་ལུ་ སྙན་ཞུ་འབད་ནུག།

ཚེ་འདས་བུཚ་དེ་ སྦ་གིང་སློབ་གྲྭ་ཆུང་བའི་ སློབ་རིམ་༤ པའི་སློབ་ཕྲུག་ཨིནམ་ད་ ནད་ཡམས་ལུ་བརྟེན་ སློབ་གྲྭ་སྒོ་བསྡམས་མི་དང་བསྟུན་ ཁོ་ར་ ཁྱིམ་ནང་དཔེ་ཆ་ལྷབ་སྡོད་ཡོདཔ་ཨིན་པས།

ཚེ་འདས་ཀྱི་ ཁྱིམ་ཚང་ཨིན་མི་ ཚོགས་པ་གིས་ ཁོ་རའི་གནས་ཚང་ལུ་ འགྲུལ་འཕྲིན་བཏང་ཐོག་ལས་ བུཚ་དེ་གི་ཕམ་ལུ་ སྙན་ཞུ་འབད་ཡོདཔ་ད་ ཚོགས་པ་དཀར་ཅུང་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ར་ འཁོར་ལམ་གསརཔ་བཏོན་ས་ལས་ལོག་འོངམ་ད་ ལམ་ཁ་ལས་ མི་ཊར་དག་པ་ཅིག་ཡོད་མི་ ཤིང་གི་སྦོ་ལོགས་ཁར་ གཟུགས་རིས་གཅིག་མཐོང་སྟེ་ ག་ཅི་ཨིན་ན་ཟེར་ སོང་བལྟ་བའི་སྐབས་ བུཚ་དེ་ ཤི་སྡོད་ནུག་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགོ་དཔོན་དང་ བདེ་སྲུངཔ་ དེ་ལས་ འབྲེལ་ཡོད་འགོ་དཔོན་ཚུ་ ས་ཁོངས་ནང་འོང་སྟེ་ ཞིབ་དཔྱད་འབད་བའི་ཤུལ་ལས་ ཕུངམ་དེ་ ཚེ་འདས་ཀྱི་ཕམ་ལུ་ རྩིས་སྤྲོད་འབད་ཡི་ཟེར་ཨིན་པས།

རྐྱེན་ངན་གྱི་གནད་ཁུངས།

ཚེ་འདས་ཀྱིས་ རང་སྲོག་བཅད་དགོ་པའི་ གནད་དོན་དེ་ ཏན་ཏན་སྦེ་ ག་གིས་ཡང་ སླབ་ནི་མེད་རུང་ སློབ་ཕྲུག་དེ་ ཁྱིམ་ནང་དཔེ་ཆ་ག་ནི་ཡང་ མི་ཤེས་པས་ཟེར་ ཕམ་ལུ་སླབ་ཡོདཔ་བཞིན་དུ་ ན་ཧིང་ སློབ་རིམ་༤ པ་ལས་ མཐར་མ་འཁྱོལཝ་ལས་ ཚ་གྱང་ལང་སྟེ་ ལྕེབས་ཤི་ཡོདཔ་འོང་ནི་མས་ཟེར་གཡུས་མི་ཚུ་གིས་ བཤདཔ་ཨིན་པས།

ཨའི་སྲི་ཐར་སྒྲོལ་མ་གིས་འབད་བ་ཅིན་ ཚེ་འདས་དེ་ སེམས་ཤི་ཡོད་པའི་ རྟགས་མཚན་མེད་པའི་ཁར་ ལོ་ན་ཆུང་ཀུ་འབདཝ་ལས་ རང་སྲོག་བཅད་དགོ་པའི་ གནད་དོན་ཡང་མེད་ཟེར་ཨིནམ་ད་ དེ་གི་ནང་ལས་ མོ་ལུ་ ཨ་ལོ་༧ ཡོད་མི་ལས་ ཆུང་ཤོས་ར་ ཚེ་འདས་ཨིནམ་ལས་ ཚོགས་བརྡ་བཏང་བཏངམ་དང་ དྲང་དྲངམ་ཡང་མེད་ཟེར་ ཨའི་གིས་ བཤདཔ་ཨིན་པས།

སྤུན་ཆ་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ བྱུང་རྐྱེན་གྱི་ཧེ་མར་ ཚེ་འདས་ཀྱིས་ ཨ་རྟག་དང་འདྲ་བའི་ བྱ་སྤྱོད་གསལ་སྟོན་དང་ དྲོ་པ་ཆུ་ཚོད་༥:༣༠ ལས་ལོང་སྟེ་ བཞེས་སྒོ་འབད་ མཆོད་བཤམ་ནང་ ཡོན་ཆབ་ཕུལ་ཡོདཔ་མ་ཚད་ ཁོང་ག་ར་ ལོང་དགོ་པའི་ ཁ་བཀོད་ཡང་ འབད་དེས་ཟེར་ཨིན་པས།

ཚེ་འདས་ཀྱིས་ དེ་ཚེ་དྲོ་པ་ཆུ་ཚོད་༨ དེ་ཅིག་ཁར་ ཁྱིམ་ནང་གི་ ལཱ་ཚུ་འབད་དེ་ ཀི་ལོ་མི་ཊར་༡ དེ་ཅིག་གི་ ས་ཁར་ཡོད་མི་ བྱ་གསོ་སྐྱོང་ཁང་ནང་ བྱའི་གཟནམ་བྱིན་ཡོདཔ་མ་ཚད་ རྟ་དེ་ཡང་ རྩྭ་ཡོད་སར་ བདའ་སོང་ནུག་ཟེར་ སྤུན་ཆ་ཅིག་གིས་ བཤདཔ་ཨིན་པས།

ཨའི་གིས་ ཨ་ལོ་དེ་ ལོག་འོང་ནི་མེད་པར་ ཁྱིམ་ལས་ ཐག་མ་རིངམོ་ཅིག་ཁར་ རྐང་སྟོང་སྦེ་སོང་སྟེ་ བལྟ་བའི་སྐབས་ ལོག་འོང་ས་ མཐོང་ཡོད་རུང་ ཁྱིམ་ནང་མ་ལྷོདཔ་ལས་ གཞན་ཁར་རྩེདམོ་རྩེད་བར་ ཡར་སོཔ་འོང་ནི་མས་མནོ་སྟེ་ འཚོལ་བར་མ་འགྱོ་ཟེར་ བཤདཔ་ཨིན་པས།

འགྲུལ་འཕྲིན་གྱི་གནད་དོན།

ཕམ་༢ ཀྱིས་འབད་བ་ཅིན་ སློབ་གྲྭ་སྒོ་བསྡམས་པའི་ཤུལ་ལུ་ ཚེ་འདས་ཀྱིས་ འགྲུལ་འཕྲིན་དགོ་པའི་སྐོར་ལས་ ཁོང་ལུ་ སླབ་དེས་ཟེར་ཨིནམ་ད་ དེ་ཡང་ ཨའི་ལུ་ཚར་གཅིག་དང་ ཨ་པ་ལུ་ ཚར་གཉིས་དེ་ཅིག་ སླབ་ཡོདཔ་ཨིན་པས།

ཨ་པ་སངས་རྒྱས་དབང་ཕྱུག་གིས་ སླབ་མིའི་ནང་ ཁོ་གིས་ ཏི་རུ་ཐོབ་ད་ བཀྲིས་སྒང་ལུ་སོང་སྟེ་ འགྲུལ་འཕྲིན་ཉོ་བྱིན་ནི་སྦེ་ ཚེ་འདས་ལུ་ སླབ་ཡོདཔ་བཞིན་དུ་ ཚེ་འདས་ཀྱིས་འབད་རུང་ ད་རེས་ནངས་པར་ འགྲུལ་འཕྲིན་གྱི་ གོང་ཚད་ཡར་སེང་སོང་ཡོད་པའི་སྐོར་ལས་ སླབ་དེས་ཟེར་ཨིན་པས།

ཨ་པ་གིས་འབད་བ་ཅིན་ ཁོ་ར་ མང་ཤོས་ར་ ནོར་དང་གཅིག་ཁར་ སྡོད་དགོཔ་ལས་ གཡུས་ཁར་གངམ་སྡོད་ནི་མེད་ཟེར་ཨིནམ་ད་  ཨའི་གིས་ སླབ་མིའི་ནང་ དཔེ་ཆ་ལྷབ་ནིའི་དོན་ལུ་ ཨ་ཞེམོ་གི་ འགྲུལ་འཕྲིན་ལག་ལེན་འཐབ་པའི་ཁར་ དཔེ་ཆ་ལྷབ་ནིའི་ རྒྱང་མཐོང་ཡང་ཡོད་ཟེར་ཨིན་པས།

ཚེ་འདས་ཀྱིས་ རྒྱང་མཐོང་དང་ འགྲུལ་འཕྲིན་ལས་ སློབ་སྟོན་འབད་མི་ཚུ་ ཧ་མི་གོ་བས་ཟེར་ ཉོགས་བཤད་བཀོདཔ་ལས་ འཕྲལ་འཕྲལ་ར་ ཨ་ཞེམོ་གིས་ སྟོན་བྱིན་ནི་ཡོདཔ་མ་ཚད་ ཆ་རོགས་ཚུ་ལས་ཡང་ ལྷབ་སྦྱང་འབད་དགོཔ་སྦེ་ སླབ་ཅི་ཟེར་ ཨའི་གིས་ བཤདཔ་ཨིན་པས།

ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཚེ་འདས་ཀྱིས་ ཁྱིམ་ལཱ་དང་ སློབ་དཔོན་གྱིས་བྱིན་མི་ ལཱ་སྐལ་ཚུ་ འབད་ཡོདཔ་ད་ སྤུན་ཆ་ཚུ་གིས་ པར་བཏབ་ཐོག་ལས་ ཝི་ཅེཊ་སྡེ་ཚན་ནང་བསྐྱལ་ཏེ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

ཚེ་འདས་སློབ་ཕྲུག་དེ་ པར་འབྲི་ནིའི་ནང་ མཁས་དྲགས་ཡོད་རུང་ དཔེ་ཆ་འགྲོས་ཀྱིས་སྦེ་ ཤེས་མི་ཅིག་ཨིནམ་ལས་ ཁོ་བཟུམ་མའི་སློབ་ཕྲུག་ཚུ་ལུ་ སློབ་སྟོན་ཐེབས་འབད་ནི་ཡོད་ཟེར་ སློབ་དཔོན་ཚུ་གིས་ བཤདཔ་ཨིན་པས།

སློབ་དཔོན་ཚུ་གི་ ཧོངས་ལས་འབད་རུང་ སློབ་ཕྲུག་ག་ལུ་ཡང་ ཨུ་ཚུགས་བསྐྱེད་དེ་ དཔེ་ཆ་ལྷབ་མ་བཅུག་ཟེར་ སློབ་གྲྭའི་དབུ་འཛིན་ ཀུན་བཟང་དབང་འདུས་ཀྱིས་ བཤད་པའི་ཁར་ རང་ཉིད་སློབ་སྟོན་མཁོ་ཆས་ཡང་ ཤེས་རིག་ལྷན་ཁག་གི་ ཚད་གཞི་དང་འཁྲིལ་ཏེ་ བཀྲམ་སྤེལ་འབད་དེ་ཡོད་ཟེར་བཤདཔ་ཨིན་པས།

བུཚ་དེ་ ན་ཆུང་ཨིནམ་ལས་ རང་སྲོག་བཅད་མི་དེ་ ཧ་གོ་མ་ཚུགས་ཟེར་ གཡུས་མི་ཚུ་གིས་ བཤདཔ་ཨིན་པས།

ཁྲིམས་སྲུང་འགག་པ་གིས་ རྐྱེན་ངན་དེ་ འགྲུལ་འཕྲིན་ཉོ་མ་བྱིན་མི་ལུ་བརྟེན་ རང་སྲོག་བཅད་པའི་ དོགས་པ་ཡོད་ཟེར་ སྙན་ཞུ་ནང་བཀོད་ཡོད་པའི་གནས་ཚུལ།

 

གནས་བརྟན་རྡོ་རྗེ། དགྲ་མེད་རྩེ།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *