པདྨ་དགའ་ཚལ་ མཁར་དང་བོང་མཱན་སྤྱི་འོག་གི་ ཨ་ལོ་གཅེས་སྐྱོང་ལྟེ་བའི་ གནས་སྟངས་སྐྱོ་དྲགས།

༉ པདྨ་དགའ་ཚལ་ མཁར་རྒེད་འོག་གི་ མཁར་སྤྱི་འོག་དང་ བོང་མཱན་སྤྱི་འོག་༢ ཀྱི་དོན་ལུ་ ཨ་ལོ་གཅེས་སྐྱོང་དང་ཡར་རྒྱས་ལྟེ་བ་ གཞི་བཙུགས་འབད་དེ་ ལོ་ལེ་ཤ་ལང་རུང་ གནས་སྟངས་དེ་ ད་ལྟོ་ཡང་ སྐྱོ་དྲགས་སྦེ་ཡོདཔ་ལས་ ཨ་ལོའི་ཕམ་ཚུ་ སེམས་དང་མ་ལྡན་པར་འདུག།
ལྟེ་བ་དེ་ མཁར་གཡུས་ཚན་གྱི་ དམངས་ཀྱི་ལྷ་ཁང་རྙིངམ་གི་འོག་ཐོག་ལུ་ གཞི་བཙུགས་འབད་དེ་ཡོདཔ་ད་ དེ་ནང་ རྩི་ས་ཚུ་ སྦོག་ཡོད་པའི་ཁར་ གྱིབ་གདན་ལེགས་ཤོམ་ཅིག་མེདཔ་ལས་ སློབ་སྟོན་ཡང་ ཐལཝ་ནང་འབད་དགོ་པའི་ གནས་སྟངས་ནང་འདུག།
དེ་བཟུམ་སྦེ་ ཕྱི་ཁར་རྩེདམོ་རྩེད་ས་ལུ་ བྱེམ་དང་གསིག་དབྱུག་གི་ རྩེདམོ་རྐྱངམ་གཅིག་མ་གཏོགས་མེད་པའི་ཁར་ རྩེདམོ་རྩེད་ས་ཡང་ སྒེར་གྱི་ས་ཁོངས་ནང་ བཟོ་ཡོདཔ་ལས་ ས་རིན་སྦེ་ ཕམ་ཚུ་གིས་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་༡༠༠ རེ་ སྤྲོད་དགོ་དོ་ཡོདཔ་ཨིན་པས།
སྐྱེས་ལོ་༢༤ ལང་མི་ བདེ་ཆེན་མཚོ་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་གི་བུ་དེ་ ལྟེ་བའི་ནང་བཙུགས་ཏེ་ ལོ་༢ ལང་ཡོདཔ་བཞིན་དུ་ ད་རེས་ བློ་སླབ་ནི་ལ་སོགས་པའི་ བྱ་སྤྱོད་ཚུ་ལུ་ འགྱུར་བ་སྦོམ་ཡོདཔ་མ་ཚད་ ཡོན་ཏན་ཡང་ ལེ་ཤ་ཅིག་ར་ ཐོབ་ཡོདཔ་ལས་ ཕན་ཐོགས་འདུག་ཟེར་ཨིན་པས།
ཨིན་རུང་ གཅེས་སྐྱོང་ལྟེ་བ་དེ་ གཡུས་ཚན་ལས་ ལམ་ཐག་རིང་པའི་ཁར་ སློབ་སྟོན་ཁང་དང་ རྩེདམོ་རྩེད་སའི་ ས་ཁོངས་ལ་སོགས་པ་ཚུ་ ལེགས་ཤོམ་མེད་པའི་ དཀའ་ངལ་ཚུ་ འདུག་ཟེར་ཨིནམ་ད་ ལྟེ་བ་དེ་གིས་ ཕན་ཐོགས་སྦོམ་ཡོདཔ་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ སློབ་སྟོན་ཁང་དང་ རྩེདམོ་རྩེད་སའི་ ས་ཁོངས་ཚུ་ ལེགས་ཤོམ་རྐྱབ་བྱིན་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
སྐྱེས་ལོ་༤༡ ལང་མི་ བཅོ་ལྔ་ལྷ་མོ་གིས་ སླབ་མིའི་ནང་ མོ་གི་བུ་དེ་ ད་རེས་ འགོ་དང་པ་ ལྟེ་བའི་ནང་ བཙུགས་ཅི་ཟེར་ཨིནམ་ད་ ད་རེས་ ལྟེ་བ་སྦེ་ ལག་ལེན་འཐབ་མི་ ལྷ་ཁང་འོག་ཐོག་དེ་ ཕམ་ཚུ་གིས་ ཉམས་བཅོས་འབད་ཡི་ཟེར་ཨིན་རུང་ རྩི་ས་ལ་སོགས་པ་ མཁོ་སྒྲུབ་འབད་ནི་ལུ་ ཟད་འགྲོ་ལེ་ཤ་གནས་དོ་ཡོདཔ་ལས་ འབད་མ་ཚུགས་ཟེར་ཨིན་པས།
དེ་ལས་ ཕམ་གཞན་ཚུ་གིས་ སླབ་མིའི་ནང་ གཅེས་སྐྱོང་ལྟེ་བ་དེ་ རྙིང་ཤོས་ཅིག་འབད་རུང་ ཅ་ཆས་ཀྱི་རིགས་གཞན་ཚུ་ ག་ནི་ཡང་མེདཔ་ལས་ གནས་སྟངས་སྐྱོ་དྲགས་སྦེ་ ཡོད་མི་ལུ་བརྟེན་ རྫོང་ཁག་གཞན་ཚུ་ནང་ ཡོད་དོ་བཟུམ་མའི་ སློབ་སྟོན་ཁང་དང་ རྩེདམོ་རྩེད་སའི་ ས་ཁོངས་ཚུ་ ལོགས་སུ་སྦེ་ དགོཔ་འདུག་ཟེར་ཨིན་པས།
མཁར་སྤྱི་འོག་ཚོགས་པ་ བདེ་ཆེན་སྒྲོལ་མ་གིས་ སླབ་མིའི་ནང་ ད་ལྟོ་ ལྟེ་བ་སྦེ་ ལག་ལེན་འཐབ་མི་དེ་ ཧིང་སངས་ས་མེད་པའི་ཁར་ ཅ་ཆས་ལ་སོགས་པ་ཚུ་ཡང་ སྒྲིང་སྒྲི་མེདཔ་ད་ ད་ལྟོ་ཚུན་ དེ་བཟུམ་མའི་ གནད་དོན་ཚུ་ མ་ཐོན་རུང་ ཤུལ་ལས་ ཨ་ལོ་ཚུ་གི་ ཚེ་སྲོག་ལུ་ ཉེན་ཁ་འོང་ནི་མས་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ལྟེ་བ་དེ་ དམངས་ཀྱི་ལྷ་ཁང་ནང་ འབད་བའི་བསྒང་ལས་ ཆོས་ཕྱོགས་ཀྱི་ ལས་རིམ་དང་ ཚེས་བཅུའི་སྐབས་ ཞབས་བྲོ་ཚུ་ སྦྱང་བ་འབདཝ་ད་ ཨ་ལོ་ཚུ་ལུ་ སྟབས་མི་བདེ་དོ་ཡོདཔ་ལས་ གནད་དོན་དེ་ རྒེད་འོག་ཚོགས་སྡེའི་ནང་བཙུགས་ཏེ་ གྲོས་བསྡུར་འབད་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཚོགས་སྡེའི་ནང་ གྲོས་བསྡུར་འབད་བའི་སྐབས་ རྒེད་འོག་ལུ་ མ་དངུལ་མེདཔ་ལས་ མཁར་སློབ་གྲྭ་ཆུང་བ་བརྒྱུད་དེ་ མ་དངུལ་གྱི་དོན་ལུ་ བཙུགས་དགོ་པའི་ གྲོས་འདེབས་བྱུང་མི་དང་འཁྲིལ་ ད་ལྟོ་ སློབ་གྲྭ་ལུ་ ཞུ་ཡིག་བཙུགས་ཡོདཔ་ད་ ལྟེ་བ་དེ་ སློབ་གྲྭའི་ནང་དང་ ཡང་ཅིན་ ཉེ་འདབས་ལུ་ གཞུང་ས་ཅིག་འཚོལ་བའི་ཤུལ་ལས་ སྤོ་བཤུད་འབད་ཚུགས་པ་ཅིན་ སྟབས་བདེ་ཏོག་ཏོ་ འབྱུང་ནི་མས་ཟེར་ཨིན་པས།
ལྟེ་བའི་སློབ་སྟོན་པ་ ལས་སྐྱིད་ཆོས་སྒྲོན་གྱིས་ སླབ་མིའི་ནང་ སློབ་སྟོན་ཁང་ནང་གི་ རྩེད་ཆས་ལ་སོགས་པ་ཚུ་ཡོད་རུང་ ཕྱི་ཁར་རྩེདམོ་རྩེད་སའི་ ས་ཁོངས་ནང་ བྱེམ་དང་གསིག་དབྱུག་ དེ་ལས་ བཤུད་ལམ་ལ་སོགས་པའི་ རྩེད་ཆས་ཚུ་ འོང་དགོ་ཟེར་ཨིན་རུང་ ད་ལྟོ་ གསིག་དབྱུག་དང་ བྱེམ་གྱི་རྩེདམོ་༢ ལས་ མེད་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ལྟེ་བའི་སློབ་སྟོན་ཁང་ཚུ་གི་དོན་ལུ་ མ་དངུལ་འཐོབ་ནི་ཡོད་རུང་ ཕྱི་ཁའི་རྩེད་ཆས་ཚུ་ ཕམ་ཚུ་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ བཟོ་དགོ་ཟེར་ཨིན་རུང་ ད་ལྟོའི་ རྩེདམོ་རྩེད་ས་དེ་ སྒེར་སའི་ནང་ བཟོ་ཡོད་མི་ལུ་བརྟེན་ ཕམ་རེ་གིས་ ས་རིན་དངུལ་ཀྲམ་༡༠༠ རེ་ རྒྱབ་སྐྱོར་འབད་དོ་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ དཀའ་ངལ་སྦོམ་ཤོས་ར་ ལྟེ་བ་ལག་ལེན་འཐབ་ས་དེ་ ལྷ་ཁང་ཅིག་འབདཝ་ལས་ ཆོས་ཕྱོགས་ཀྱི་ ལས་རིམ་ལ་སོགས་པ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ སློབ་སྟོན་ཁང་ནང་ཡོད་མི་ ཅ་ཆས་ཚུ་ ཁྱིམ་གཞན་ཁར་ སྤོ་བཤུད་འབད་དགོཔ་ཐོན་མི་དང་ ཅ་ཆས་ལ་སོགས་ཚུ་ མེདཔ་ཐལ་དོ་ཡོདཔ་ལས་ གནད་དོན་དེ་ རྒེད་འོག་དང་ མཁར་སློབ་གྲྭ་ཆུང་བའི་ དབུ་འཛིན་གཅིག་ཁར་ཡང་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།
མཁར་གྱི་ ཨ་ལོ་གཅེས་སྐྱོང་དང་ ཡར་རྒྱས་ལྟེ་བའི་ནང་ མཁར་སྤྱི་འོག་དང་ བོང་མཱན་སྤྱི་འོག་༢ ལས་ ཨ་ལོ་༡༨ དེ་ཅིག་ ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། པདྨ་དགའ་ཚལ།

About admin

Check Also

བསྟན་རྒྱས་ལྷན་ཁག་གིས་ གྲུབ་འབྲས་བརྡ་སྟོན་ལུ་ དམིགས་གཏད་བསྐྱེད་དེ་ ལཱ་འབད་ནི།

༉ བསྟན་རྒྱས་ལྷན་ཁག་གིས་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་ལས་དོན་གན་ཡིག་དང་འཁྲིལ་ ལོ་༡ ནང་ འཆར་གཞི་དང་ ལས་རིམ་གཙོ་ཅན་ཚུ་ གྲུབ་འབྲས་བཏོན་ནིའི་དོན་ལུ་ སྲིད་བྱུས་དང་ ལམ་ལུགས་ ཐབས་བྱུས་ དེ་ལས་ ཁྲིམས་བསྒྱུར་བཅོས་དང་ གསར་རྩོམ་འབད་ནི་ལུ་ གཙོ་བོར་བཏོན་ཏེ་ …

Leave a Reply

Your email address will not be published. Required fields are marked *