བསམ་གྲུབ་ལྗོངས་མཁར་ལས་ བཀྲིས་སྒང་ཁ་ཐུག་ ཀི་ལོ་མི་ཊར་༣༠ དེ་ཅིག་གི་ས་གནས་ ཨོ་རོང་ལུ་ ས་རུད་ཀྱིས་ གཞུང་ལམ་རྩ་བ་ལས་ ཕྱགས་བདའ་ནུག།

པདྨ་དགའ་ཚལ་- ངང་ལམ་- རྒྱལ་པོའི་ཞིང་བར་ན་ གཞུང་ལམ་བསུབས་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༡༡ ལུ་ ཆརཔ་ཤུགས་སྦེ་རྐྱབ་མི་ལུ་བརྟེན་ ངང་ལམ་ལས་ རྒྱལ་པོའི་ཞིང་ཁ་ཐུག་ ཀི་མི་ལོ་ཊར་༣༥.༩ ལས་༤༤ ཚུན་ གཞུང་ལམ་བསུབས་ཡོདཔ་ལས་ སྣུམ་འཁོར་རྒྱུན་འགྲུལ་གྱི་དོན་ལུ་ བཀག་ཆ་འབད་དེ་ཡོད་ཟེར་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ གནམ་གཤིས་གནས་སྟངས་ཡར་དྲག་འགྱོ་བ་ཅིན་ གཞུང་ལམ་དེ་ ཉིནམ་༡ དང་༢ ཀྱི་ནང་འཁོད་ལུ་ རྒྱུན་འགྲུལ་གྱི་དོན་ལས་ ལོག་སྒོ་ཕྱེ་འོང་ཟེར་ཨིནམ་ད་ ས་བརྐོ་འཕྲུལ་ཆས་དང་ ལས་མི་ཚུ་ ས་ཁོངས་ནང་བཏང་ཡོད་རུང་ ཆརཔ་མ་ཆད་པར་རྐྱབ་མི་དང་ རྡོ་འབུད་འོང་མི་ཚུ་གིས་ གནོད་སྐྱོན་བྱུངམ་མས་ཟེར་ཨིན་པས།
ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་ འཇིགས་མེད་ཆོས་གྲུབ་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ གཞུང་ལམ་ཀི་ལོ་མི་ཊར་༤༤ ཚུན་ ཁག་ལེ་ཤ་ཅིག་ནང་ བསུབས་ཡོད་པའི་སྙན་ཞུ་ལྷོད་རུང་ ཆརཔ་ཤུགས་སྦེ་རྐྱབ་མི་དང་ རྡོ་འབུད་མི་ཚུ་ལུ་བརྟེན་ འཁོར་ལམ་སེལ་ནིའི་ལཱ་དེ་ བཤོལ་བཞག་འབད་དགོཔ་ཐོན་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཕྲལ་འཕྲལ་ར་ གཞུང་ལམ་བསུབས་མི་དེ་ ས་ཆའི་ཆགས་ཚུལ་དང་ ས་ཆ་སྒྲིང་སྒྲི་མེད་མི་ལུ་བརྟེན་ ཨིན་མས་ཟེར་ཨིནམ་ད་ འཕྲུལ་ཆས་ཚུ་ ས་ཁོངས་ནང་ གྲ་སྒྲིག་ཡོདཔ་ལས་ གནམ་གཤིས་གནས་སྟངས་ལེགས་ཤོམ་འགྱོ་བ་ཅིན་ ད་རིས་དང་ ནངས་པར་དེ་ཅིག་ཁར་ བསལ་ཚུགས་ཟེར་ཨིན་པས།
དེ་དང་འདྲཝ་སྦེ་ པདྨ་དགའ་ཚལ་དང་ ངང་ལམ་དང་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་ གཞུང་ལམ་ཡང་ ཁག་ལེ་ཤ་ཅིག་ནང་ བསུབས་ཡོདཔ་ལས་ སྣུམ་འཁོར་གྱི་རྒྱུན་འགྲུལ་ བཀག་ཆ་འབད་ནུག།
འཇིགས་མེད་ཆོས་གྲུབ་ཀྱིས་ སླབ་མིའི་ནང་ པདྨ་དགའ་ཚལ་དང་ ངང་ལམ་གྱི་ གཞུང་ལམ་བདའ་སྟེ་ ཕ་དར་རི་ལུ་ འཁོར་ལམ་བསུབས་མི་དེ་ སེལ་དོ་ཡོད་རུང་ ས་ཁོངས་ནང་ ཆརཔ་མ་ཆད་པར་རྐྱབ་མི་དང་ རྡོ་འབུད་མི་དེ་གིས་ ལཱ་འབད་ནི་ལུ་ བར་ཆད་རྐྱབ་མས་ཟེར་ཨིན་པས།

ཌཱན་ཊག་ལས་འགུལ་གྱིས་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་ གཞུང་ལམ་བདའ་སྟེ་ ས་གནས་ཨེ་རོང་ལུ་ འཁོར་ལམ་གསརཔ་སེལ་ནི་ འགོ་བཙུགས་ཡོདཔ་ད་ ཆརཔ་མ་རྐྱབ་པ་ཅིན་ གཞུང་ལམ་དེ་ ཉིནམ་༣ དང་༤ གི་ནང་འཁོད་ལུ་ བསལ་ཚར་ནི་ཨིན་པས།

ཁོ་གིས་ སླབ་མིའི་ནང་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་ གཞུང་ལམ་བདའ་སྟེ་ ཁག་ལེ་ཤ་ཅིག་ནང་ འཁོར་ལམ་བསུབས་ཡོད་རུང་ ཨོ་རོང་ལུ་ ས་རུད་ཀྱིས་ གཞུང་ལམ་རྩ་བ་ལས་ འཕྱགས་བདའ་ཡོདཔ་ད་ ཨོ་རོང་དེ་ བསམ་གྲུབ་ལྗོངས་མཁར་ལས་ བཀྲིས་སྒང་ཁ་ཐུག་ ཀི་ལོ་མི་ཊར་༣༠ དེ་ཅིག་གི་ ས་ཁར་ཨིན་པས།
བཟོ་རིག་གཙོ་འཛིན་གྱིས་ སླབ་མིའི་ནང་ ཁ་ཙ་ལས་ འཁོར་ལམ་གཞི་རྟེན་གསརཔ་ སེལ་ནིའི་ལཱ་ཚུ་ འགོ་བཙུགས་ཡོདཔ་ལས་ ཆརཔ་མ་རྐྱབ་པ་ཅིན་ ཉིནམ་༣ དང་༤ དེ་ཅིག་ བསལ་ཚུགས་པའི་ དམིགས་གཏད་བསྐྱེད་དོ་ཟེར་ཨིནམ་ད་ མི་ཚུ་གིས་ འཁོར་ལམ་གྱི་ལྟག་ལས་ རྡོ་འབུད་འོང་དོ་ཡོདཔ་ལས་ གཞུང་ལམ་དེ་ཁར་ལས་ རྒྱུན་འགྲུལ་འཐབ་ནི་ལས་ འཛེམ་དགོཔ་དང་ ཡང་ཅིན་ རྒྱུན་འགྲུལ་མ་འཐབ་པའི་ཧེ་མར་ འབྲེལ་ཡོད་འགོ་དཔོན་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་གནང་ཟེར་ཨིན་པས།
དེ་ལས་ ཆརཔ་ཤུགས་སྦེ་ རྐྱབ་མི་དེ་གིས་ ས་རུད་ཆད་མི་ལུ་བརྟེན་ སྒོམ་དར་རྒེད་འོག་བདག་སྐྱོང་ཡིག་ཚང་དང་ རྒེད་འོག་གི་ ཅ་ཆས་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ལས་ ཅ་ཆས་ཚུ་ ག་ནི་ཡང་ ལོག་འཐོབ་མ་ཚུགས་རུང་ མིའི་ཚེ་སྲོག་ལུ་ རྐྱེན་ངན་ག་ནི་ཡང་ མ་བྱུངམ་ཨིན་པས།
རྒེད་འོག་གི་དམངས་མི་ པདྨ་གིས་ སླབ་མིའི་ནང་ རྒེད་འོག་ཡིག་ཚང་ སྤོ་བཤུད་འབད་ནི་དེ་ ཆ་འཇོག་འབད་ཡོདཔ་བཞིན་དུ་ འཕྲལ་ཁམས་ཅིག་ཁར་ བརྟག་ཞིབ་ཀྱི་ལཱ་ཚུ་ཡང་ འབད་ཡི་ཟེར་ཨིནམ་ད་ ས་ཁོངས་གསརཔ་དེ་ ད་ལྟོའི་ཡིག་ཚང་གི་ འོག་ལུ་ར་འབདཝ་ལས་ མ་འོངས་པའི་ ཉེན་སྲུང་གི་དོན་ལུ་ ས་ཁོངས་དེ་ ལོག་སྟེ་ར་ བརྟག་ཞིབ་འབད་དགོཔ་ ཁག་ཆེ་ནི་མས་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *